འཚོལ་བཤེར།   
藏文频道
2016ལོའི་ཟླ་11ཚེས་1ཉིན།
  • མི་དམངས་དྲ་བ།

    ༄༅།།ཀྲུང་གོའི་ཤིན་ཅང་གི་རིག་གནས་སྤེལ་རེས་ཚོགས་པས་ཧ་སག་སི་ཐན་དུ་འཚམས་འདྲི་གནང་བ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 11ཚེས་01ཉིན། 09:09】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་10ཚེས་30ཉིན་གློག་འཕྲིན་འབྱོར་གསལ། རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་དོན་ཁང་གིས་སྒྲིག་འཛུགས་བྱས་པའི་ཀྲུང་གོའི་ཤིན་ཅང་གི་རིག་གནས་སྤེལ་རེས་ཚོགས་པས་ཚེས་27ནས་30ཉིན་བར་ཧ་སག་སི་ཐན་དུ་འཚམས་འདྲི་གནང་སྟེ། ས་གནས་དེ་གའི་སྲིད་གཞུང་གི་དཔོན་རིགས་དང་། རིགས་གཅིག་མཁས་ཅན་དང་མཁས་དབང་། ཧ་སག་སི་ཐན་དུ་སློབ་སྦྱོང་བྱེད་མཁན་ཀྲུང་གོའི་སློབ་མའི་འཐུས་མི་སོགས་དང་མཛའ་གྲོགས་ངང་སྤེལ་རེས་ཐེངས་10ཙམ་བྱས་པ་རེད།
         ཚེས་27ནས་28ཉིན། འཐུས་མི་ཚོགས་པས་ཨ་སི་ཐ་ནར་ཧ་སག་སི་ཐན་གྱི་ཆོས་ལུགས་དང་སྤྱི་དམངས་སྤྱི་ཚོགས་ལས་དོན་པུའི་དཔོན་རིགས་དང་ཆོས་ལུགས་ཐལ་སྐྱོད་སྟོབས་ཤུགས་དང་ཐལ་སྐྱོད་བསམ་བློར་ངོ་རྒོལ་བྱེད་པ་སོགས་ཀྱི་གནད་དོན་སྐོར་ལ་ཉམས་མྱོང་སྤེལ་རེས་གནང་བ་དང་། ཁྲིམས་ལྟར་དོ་དམ་བྱེད་པ་སོགས་ནུས་ལྡན་གྱི་ཐབས་ལམ་འཚོལ་ཞིབ་གནང་བ་རེད། འཐུས་མི་ཚོགས་པས་ད་དུང་ཀུའུ་སྨི་ལེའོ་ཕུའུ་རུ་ཡོ་རོབ་དང་ཨེ་ཤེ་ཡ་རྒྱལ་བཙུགས་སློབ་ཆེན་གྱིས་གཉེར་བའི་ཀྲུང་གོ་རིག་པའི་བགྲོ་གླེང་ཚོགས་འདུར་ཞུགས་པ་མ་ཟད། ཉེ་བའི་ལོ་ཤས་རིང་དཔལ་འབྱོར་འཕེལ་རྒྱས་དང་། དམངས་འཚོ་ལེགས་གཏོང་། སྣོད་བཅུད་སྲུང་སྐྱོང་སོགས་ཐད་ཤིན་ཅང་ལ་ཐོབ་པའི་མངོན་གསལ་དོད་པའི་གྲུབ་འབྲས་ངོ་སྤྲོད་ཀྱང་གནང་བ་རེད།
         ཚེས་29ནས་30ཉིན། འཐུས་མི་ཚོགས་པས་ཨ་ལ་མུའུ་ཐུའུ་རུ་ཤར་ཕྱོགས་ཞིབ་འཇུག་སུའོ་དང་རྒྱལ་སྤྱིའི་ཧ་ཀྲུང་སྐད་ཡིག་སློབ་གླིང་སོགས་ཀྱི་རིག་གཞུང་དང་སློབ་གསོའི་སྒྲིག་གཞི་དང་བཞུགས་མོལ་གནང་སྟེ། སྤེལ་རེས་ལས་སྟེགས་རྒྱ་ཆེར་གཏོང་རྒྱུ་དང་། མཉམ་ལས་ལམ་སྲོལ་གཏིང་ཟབ་ཏུ་གཏོང་རྒྱུ། ཀྲུང་ཧའི་རིག་གནས་དར་རྒྱས་ལ་ཐུན་མོང་ཐོག་སྐུལ་འདེད་གཏོང་རྒྱུ་བཅས་ཀྱི་ཐད་ཐུན་མོང་གི་ངོས་འཛིན་གཅིག་མཐུན་བྱུང་བ་རེད།
         ཧ་སག་སི་ཐན་དུ་འཚམས་འདྲི་གནང་རིང་། འཐུས་མི་ཚོགས་པས་ད་དུང་ཧ་སག་སི་ཐན་དུ་ཡོད་པའི་ཕྱིར་སྡོད་རང་མི་དང་ཕྱི་ཁོངས་ཀྲུང་གོ་བའི་ཚོགས་པའི་གཙོ་འཛིན་དང་ཧ་སག་སི་ཐན་དུ་སློབ་སྦྱོང་བྱེད་མཁན་ཀྲུང་གོའི་སློབ་མའི་འཐུས་མིར་མཇལ་འཕྲད་གནང་བ་དང་། འཐུས་མི་ཚོགས་པས་ཀྲུང་ཧ་རྒྱལ་ཁབ་གཉིས་པོའི་མཛའ་གྲོགས་ཡུན་རིང་ལྡན་པས། ཕན་ཚུན་གྱི་འབྲེལ་གཏུགས་དང་འགྲོ་འོང་ལ་ཤུགས་སྣོན་བརྒྱབ་ནས་ཇི་ཙམ་སྐྱོད་པ་དེ་ཙམ་གྱིས་བརྩེ་བ་ཟབ་ཏུ་དང་བར་ཐག་དེ་བས་ཉེ་པོ་ཆགས་པ་བྱས་ན། གཞི་ནས་གོ་ནོར་ཐེབས་ཉུང་དུ་དང་ཤེས་རྟོགས་ཟབ་ཏུ་འགྲོ་ངེས་རེད་ཅེས་གསུངས་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།