འཚོལ་བཤེར།   
藏文频道
2016ལོའི་ཟླ་11ཚེས་1ཉིན།
  • མི་དམངས་དྲ་བ།

    ༄༅།།ཀྲུང་གོ་དང་རི་པིན་ཧན་གོ་བཅས་ཀྱི་སྨྱན་སྦྱོར་མི་སྣས་རྒྱལ་ཁབ་གསུམ་གྱི་འབྲེལ་བ་དང་
    སྨྱན་སྦྱོར་གྱི་འགན་འཁྲིའི་ཐད་བགྲོ་གླེང་བྱས་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 11ཚེས་01ཉིན། 09:11】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཉེ་ཆར། ཐོ་ཁེའོ་རུ་ཀྲུང་གོ་དང་། རི་པིན། ཧན་གོ་བཅས་ཀྱི་གསར་འགྱུར་ལས་རིགས་ཀྱི་སྐབས་ལྔ་པའི་བགྲོ་གླེང་ཚོགས་འདུ་འཚོགས་ཤིང་། ཀྲུང་གོ་དང་། རི་པིན། ཧན་གོ་བཅས་ཀྱི་གཙོ་རྒྱུན་སྨྱན་སྦྱོར་30ལྷག་གི་འཐུས་མིས་རྒྱལ་ཁབ་གསུམ་གྱི་སྨྱན་སྦྱོར་གྱིས་ལོ་རྒྱུས་ལ་འགན་འཁུར་བའི་རྣམ་འགྱུར་ཐོག་ནས་སྤྱི་ཚོགས་ཀྱི་འགན་འཁྲི་འཁུར་བ་མ་ཟད། དམངས་ཚོགས་ལ་གནད་ལ་འཁེལ་ཞིང་དགེ་མཚན་ལྡན་པའི་གསར་འགྱུར་གཏོང་སྤེལ་བྱེད་དགོས་པའི་ངོས་འཛིན་བྱས་པ་རེད།
         ཚོགས་འདུར་ཞུགས་མཁན་ཚོས་ལོ་རྒྱུས་དང་བདེ་འཇགས་སྲུང་སྐྱོང་སོགས་ཀྱི་གནད་དོན་ལ་རང་ངོས་ཀྱི་ལངས་ཕྱོགས་གླེང་ཞིང་། ཁོང་ཚོས་ཁ་རི་ཁ་ཐུག་དང་གཏིང་ཟབ་པའི་བགྲོ་གླེང་བྱས་པ་ལས་སྨྱན་སྦྱོར་གྱིས་རང་ངོས་ཀྱི་ལངས་ཕྱོགས་ཤེས་རྟོགས་ཐུབ་རྒྱུར་ཕན་ཐོགས་ཡོད་པ་དང་། སླད་ཕྱིན་གྱི་འབྲེལ་ཡོད་གསར་འགྱུར་གཏོང་སྤེལ་དེ་བས་ཆ་ཚང་པོ་ཡོང་ཐུབ་པའི་ངོས་འཛིན་བྱས་པ་རེད།
         ཀྲུང་གོ་ཕྱོགས་ཀྱི་སྨྱན་སྦྱོར་མི་སྣས། སྨྱན་སྦྱོར་གྱིས་ངེས་པར་དུ་ཕྱོགས་ཡོངས་དང་། དྲང་གཞག གཞུང་དྲང་བཅས་ཀྱི་ཐོག་ནས་དམིགས་སའི་རྒྱལ་ཁབ་ཀྱི་གནས་ཚུལ་གཏོང་སྤེལ་བྱས་ཏེ། རང་རང་རྒྱལ་ཁབ་ཀྱི་དམངས་ཚོགས་ལ་རྗེས་དཔག་གི་ཤེས་པ་འཛུགས་རོགས་བྱེད་དགོས་ཞེས་བཤད་པ་དང་། ཧན་གོ་ཕྱོགས་ཀྱི་སྨྱན་སྦྱོར་མི་སྣས། རྒྱལ་ཁབ་གསུམ་གྱི་ལོ་རྒྱུས་རྒྱབ་ལྗོངས་དང་དཔལ་འབྱོར་འཕེལ་རྒྱས་འགྲོ་ཚུལ་མི་འདྲ་བས། མཐུན་པ་ཡོང་ཐབས་དང་མི་མཐུན་པ་སོར་འཇོག་གིས་མཐུན་འགྲིག་དང་མཉམ་ལས་ལ་སྐུལ་འདེད་གཏོང་དགོས་ཞེས་བཤད་པ། རི་པིན་ཕྱོགས་ཀྱི་སྨྱན་སྦྱོར་མི་སྣས། དོན་རྐྱེན་གཅིག་ལ་ཐུག་དུས་གསར་འགོད་པས་ལྟ་ཞིབ་ཞིབ་ཕྲ་བྱེད་དགོས་ལ། དོན་རྐྱེན་དག་མིག་རྒྱང་དེ་བས་ཡངས་པའི་ཐོག་འཇོག་དགོས། རི་པིན་སྨྱན་སྦྱོར་གྱིས་ངེས་པར་དུ་དམངས་ཚོགས་ལ་ཟུར་ཕྱོགས་མང་བའི་ཀྲུང་གོའི་གཟུགས་བརྙན་ཞིག་འབད་བརྩོན་ངང་སྟོན་དགོས་ཞེས་བཤད་པ་རེད།
         ཚོགས་ཞུགས་མཁན་ཚང་མས། རྒྱལ་ཁབ་ཀྱི་འབྲེལ་བར་ཡམ་ཡོམ་ཡོང་དུས་སྨྱན་སྦྱོར་གྱིས་བབ་བརླིང་དང་དངོས་ཡོད་རྒྱུན་འཁྱོངས་བྱེད་པ་ལས། བྱ་སྤུ་རླུང་འཁྱེར་རམ་མེ་ཚ་བའི་སྒང་ལ་ཤིང་གཤགས་བརྒྱབ་པའི་དཔེ་ལྟར་བྱ་རྒྱུ་མེད་ལ། དེ་བས་འགལ་ཟླ་ཆེ་རུ་གཏོང་མི་རུང་། རྒྱལ་ཁབ་གསུམ་གྱི་སྨྱན་སྦྱོར་གྱིས་ངེས་པར་དུ་སྤེལ་རེས་ལ་ཤུགས་སྣོན་བརྒྱབ་ནས་གོ་ནོར་ཐེབས་པའི་གནས་ཚུལ་མི་ལྷག་པ་བྱེད་དགོས་ཞེས་བཤད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།