འཚོལ་བཤེར།   
藏文频道
2016ལོའི་ཟླ་11ཚེས་1ཉིན།
  • མི་དམངས་དྲ་བ།

    ༄༅།།ཀྲུང་གོ(ཧང་ཀྲོའུ)རྒྱལ་མཚམས་སྒྲོལ་བའི་དྲ་ཐོག་ཚོང་དོན་གྱི་ཕྱོགས་བསྡུས་
    ཚོད་ལྟའི་ཁུལ་གྱིས་རྒྱ་གར་དུ་འོས་སྦྱོར་ངོ་སྤྲོད་བྱེད་སྒོ་སྤེལ་བ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 11ཚེས་01ཉིན། 09:12】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
        མི་དམངས་དྲ་བའི་འཕྲིན། ཉེ་ཆར། ཀྲུང་གོ(ཧང་ཀྲོའུ)རྒྱལ་མཚམས་སྒྲོལ་བའི་དྲ་ཐོག་ཚོང་དོན་གྱི་ཕྱོགས་བསྡུས་ཚོད་ལྟའི་ཁུལ་གྱིས་རྒྱ་གར་གྱི་རྒྱལ་ས་རྡི་ལི་གསར་པར་འོས་སྦྱོར་ངོ་སྤྲོད་བྱེད་སྒོ་སྤེལ་ཞིང་། ཀྲུང་གོ་དང་རྒྱ་གར་གྱི་དཔལ་འབྱོར་ཚོང་དོན་འབྲེལ་བ་སྔར་བས་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་རྒྱུ་དང་ཧང་ཀྲོའུ་དང་རྒྱ་གར་གྱི་ཚོང་དོན་འགྲོ་འོང་ལ་ཤུགས་སྣོན་རྒྱག་རྒྱུར་གོ་སྐབས་མཁོ་འདོན་བྱ་རྒྱུ་ཡིན་པ་རེད།
         ཧང་ཀྲོའུ་ཕྱོགས་བསྡུས་ཚོད་ལྟའི་ཁུལ་འཛུགས་སྐྲུན་འགོ་ཁྲིད་ཚོགས་ཆུང་གཞུང་ལས་ཁང་གི་ཀྲུའུ་རེན་གཞོན་པ་ཧྲེ་ཧོང་ཁའེ་ཡིས་ཚོད་ལྟའི་ཁུལ་2015ལོའི་ཟླ་3ཚེས་7ཉིན་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་དངོས་སུ་ཆོག་མཆན་སྤྲད་ནས་མོས་མཐུན་བྱས་རྗེས་བཙུགས་པ་ཞིག་ཡིན་པ་དང་ད་བར་འཁོར་སྐྱོད་གནས་ཚུལ་ཡག་པོ་ཡོད། 2016ལོའི་ཟླ་བ་དང་པོ་ནས་བརྒྱད་པའི་བར་ཧང་ཀྲོའུ་ཕྱོགས་བསྡུས་ཚོད་ལྟའི་ཁུལ་གྱི་རྒྱལ་མཚམས་སྒྲོལ་བའི་དྲ་ཐོག་ཚོང་དོན་ཕྱིར་གཏོང་ནང་འདྲེན་ཨ་སྒོར་དུང་ཕྱུར་50.75ཟིན་པའི་ནང་ཕྱིར་གཏོང་དངུལ་འབོར་ཨ་སྒོར་དུང་ཕྱུར་38.58དང་ནང་འདྲེན་དངུལ་འབོར་ཨ་སྒོར་དུང་ཕྱུར་12.17ཟིན་ནས་གྲོང་ཁྱེར་དེ་ཡོངས་ཀྱི་ཕྱི་ཕྱོགས་ཚོང་དོན་བསྡུར་ཚད་ཀྱི་12.2%བཟུང་ཡོད་པ་དང་ད་ཆ་ཧང་ཀྲོའུ་ཡི་རྒྱལ་མཚམས་སྒྲོལ་བའི་དྲ་ཐོག་ཚོང་དོན་ཁེ་ལས་6000ལྷག་ལ་བརྒལ་ཡོད་ཅེས་བཤད།
         རྒྱ་གར་ཁེ་ལས་འབྲིང་ཆུང་མཐུན་ཚོགས་ཀྱི་དྲུང་ཆེ་ཨ་ཉིར·པ་ཏེ་ཝ་ཅེས་ཤིས་ཚིག་ནང་ད་ཐེངས་ཀྱི་འོས་སྦྱོར་ངོ་སྤྲོད་ཚོགས་འདུས་རྒྱ་གར་གྱི་ཁེ་ལས་འབྲིང་ཆུང་ལ་ཚོང་དོན་གྱི་གོ་སྐབས་མཁོ་འདོན་བྱས་ཡོད་ལ། རྒྱལ་ཁབ་ཉི་ཤུ་ཚོགས་པའི་འགོ་ཁྲིད་མི་སྣའི་ཧང་ཀྲོའུ་དབུ་ཚོགས་ཀྱིས་eWTPའཛམ་གླིང་དྲ་ཐོག་ཚོང་དོན་སྟེགས་བུ་འཛུགས་རྒྱུའི་སྐོར་གྱི་གྲོས་འགོ་སྤྱི་བསྒྲགས་ནང་བཀོད་ཡོད། ཀྲུང་གོ་དང་རྒྱ་གར་རྒྱལ་ཁབ་གཉིས་ཀྱི་ཁེ་ལས་ཀྱིས་སྟེགས་བུ་དེར་བརྟེན་པ་དང་རྒྱལ་མཚམས་ལས་སྒྲོལ་བའི་དྲ་ཐོག་ཚོང་དོན་སྤྱད་དེ་མཉམ་ལས་ཟབ་ཏུ་བཏང་ནས་གཉིས་ཁེ་ཡོང་བ་བྱེད་དགོས་ཞེས་བཤད།
      

    ཕྱོགས་བསྡུས་གསར་འགྱུར།