འཚོལ་བཤེར།   
藏文频道
2016ལོའི་ཟླ་10ཚེས་25ཉིན།
  • མི་དམངས་དྲ་བ།

    ༄༅།།《1937ལོའི་ནན་ཅིང་དམར་གསོད་ཆེ་མོར་མཉམ་དུ་དཔང་པོ་བྱེད》ཅེས་པའི་
    འགྲེམས་སྟོན་ཧྥ་རན་སེའི་ཁཱ་ཨང་དུ་བྱས་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 10ཚེས་25ཉིན། 09:32】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་10ཚེས་22ཉིན། ་གོང་ཚེས་ཉིན《1937ལོའི་ནན་ཅིང་དམར་གསོད་ཆེ་མོར་མཉམ་དུ་དཔང་པོ་བྱེད》ཅེས་པའི་ལོ་རྒྱུས་ཀྱི་དོན་དངོས་མཚོན་པའི་འགྲེམས་སྟོན་ཧྥ་རན་སེའི་ཁཱ་ཨང་ཞི་བདེ་དྲན་གསོ་ཁང་དུ་བྱས་པ་རེད། དེ་ནི་མཉམ་འབྲེལ་རྒྱལ་ཚོགས་སློབ་གསོ་ཚན་རིག་རིག་གནས་རྩ་འཛུགས་ཀྱིས་ནན་ཅིང་དམར་གསོད་ཆེ་མོའི་ཡིག་ཚགས་འཛམ་གླིང་གི་དྲན་འཆར་མིང་གཞུང་ནང་བཀོད་རྗེས་ཡོ་རོབ་ཏུ་འགྲེམས་སྟོན་བྱེད་ཐེངས་དང་པོ་ཡིན་ལ། ནང་དོན་ཁག་གཅིག་ཕྱི་རྒྱལ་དུ་སྟོན་ཐེངས་དང་པོ་ཡིན་པ་རེད།
         འགྲེམས་སྟོན་གཉེར་མཁན་གྱི་གྲས་ཡིན་པའི་ཀྲུང་གོར་བཙན་འཛུལ་བྱེད་མཁན་རི་པིན་དམག་གིས་སྤེལ་བའི་ནན་ཅིང་དམར་གསོད་ཆེ་མོའི་ནང་རྐྱེན་ལམ་དུ་ཤོར་མཁན་སྤུན་ཟླའི་དྲན་གསོ་ཁང་གི་ཀོན་ཀྲང་ཀྲང་ཅན་ཅུན་གྱིས། ད་ཐེངས་ཀྱི་འགྲེམས་སྟོན་དེ་གཙོ་གནད་ཐོག་དེ་སྔོན་ནན་ཅིང་དུ་ཡོད་པའི་ཡོ་རོབ་དང་མེ་གླིང་གི་མི་སྣའི་ཉིན་ཐོ་དང་། འཕྲིན་ཡིག ཡིག་ཆ། འདྲ་པར། གློག་བརྙན་བཅས་དང་མ་རྩོམ་གྱི་རྣམ་པ་མངོན་པའི་ཕུང་གསུམ་པའི་ཡིག་ཚགས་འགྲེམས་སྟོན་གྱི་བྱ་ཐབས་སྤྱད་དེ། ནུབ་ཕྱོགས་མི་སྣས་མཉམ་དུ་དཔང་པོ་བྱེད་པའི་ནན་ཅིང་དམར་གསོད་ཆེ་མོའི་ལོ་རྒྱུས་མཚོན་པར་བྱས་ཡོད། འགྲེམས་སྟོན་བྱ་ཡུལ་གྱི་རྒྱ་ཁྱོན་ལ་སྨི་ངོས་གྲུ་800ལྷག་ཙམ་ཡོད་པ་དང་། ཁྱོན་ལོ་རྒྱུས་ཀྱི་འདྲ་པར་270ལྷག་ཙམ་དང་འགྲེམས་སྟོན་དངོས་རྫས་དང་བརྙན་ལམ་དཔྱད་ཡིག་50ལྷག་ཙམ་འགྲེམས་སྟོན་བྱས་ཡོད་ཅེས་ངོ་སྤྲོད་བྱས།
         གསར་འགོད་པས་འགྲེམས་སྟོན་བྱ་ཡུལ་དུ་དབུ་སྐྲ་དུང་ལྟར་དཀར་བའི་རྒན་རྒོན་ནས་ལང་ཚོ་དར་ལ་བབས་པའི་གཞོན་ནུ་དང་། ལྟ་སྐོར་དུ་ཡོང་མཁན་ས་གནས་དེ་གའི་དམངས་ཚོགས་རྣམས་འགྲེམས་སྟོན་གྱིས་ཡིད་དབང་རྦད་དེ་བཀུག་པ་མཐོང་བྱུང་། མིང་ལ་ཏན་ཉི་ཟེར་བའི་ཧྥ་རན་སེའི་སྐྱེས་པ་ཞིག་གིས་ང་ནན་ཅིང་དམར་གསོད་ཆེ་མོའི་འགྲེམས་སྟོན་ལ་ལྟ་ཐེངས་དང་པོ་ཡིན། དམར་གསོད་ནང་མི་མང་པོ་རྐྱེན་ལམ་དུ་ཤོར་བ་དང་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཡ་ང་བའི་སྐྱོ་གར་དེར་རྒྱུས་མངའ་བྱེད་ཉུང་དྲགས་པ་དེ་ནི་ཧང་སང་དགོས་པ་ཞིག་རེད་ཅེས་གསར་འགོད་པར་བརྗོད་བྱུང་།
         ཁཱ་ཨང་ཞི་བདེ་དྲན་གསོ་ཁང་གི་ཀོན་ཀྲང་ཀེ་ལི་མར་ཏིས་འགོ་འཛུགས་མཛད་སྒོའི་ཐོག“ད་ཐེངས་འགྲེམས་སྟོན་དེའི་དམིགས་ཡུལ་ནི་ཧྥ་རན་སེ་དང་ཡོ་རོབ་དམངས་ཚོགས་ཚོས་འཛམ་གླིང་དམག་ཆེན་གཉིས་པ་ནི་དོན་དངོས་ཐོག་1937ལོར་ཀྲུང་གོའི་དམག་ས་ནས་འགོ་ཚུགས་པ་ཞིག་ཡིན་པ་དང་། ཀྲུང་གོའི་མི་དམངས་དང་རི་པིན་མི་དམངས་ཚུད་པའི་རྒྱལ་ཁབ་ཁག་གི་མི་དམངས་ཚོ་དམག་འཁྲུག་ཁྲོད་མི་ཆོས་ལས་འདས་པའི་སྡུག་བསྔལ་ཚད་མེད་མྱངས་པ་ཤེས་སུ་འཇུག་ཆེད་ཡིན”ཞེས་བཤད་ཅིང་། ཁོང་གིས་ནན་ཅིང་དམར་གསོད་ཆེ་མོའི་ལོ་རྒྱུས་ཀྱི་དོན་དངོས་ཁས་མི་ལེན་པ་བྱེད་མི་རུང་ཞེས་བཤད།
      

    ཕྱོགས་བསྡུས་གསར་འགྱུར།