འཚོལ་བཤེར།   
藏文频道
2016ལོའི་ཟླ་10ཚེས་25ཉིན།
  • མི་དམངས་དྲ་བ།

    ༄༅།།ཀྲུང་གོའི་བོད་ཀྱི་རིག་གནས་སྤེལ་རེས་ཚོགས་པས་དབྱིན་ཇིར་འཚམས་འདྲི་བྱས་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 10ཚེས་25ཉིན། 09:26】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་10ཚེས་20ནས་22ཉིན་བར་ཀྲུང་གོའི་བོད་ཀྱི་རིག་གནས་སྤེལ་རེས་ཚོགས་པས་དབྱིན་ཇིའི་ཉིའུ་ཅིང་སློབ་ཆེན་དང་། ཝུའེ་སི་མེ་སི་ཐེ་སློབ་ཆེན། ཅན་ཆའོ་སློབ་ཆེན་བཅས་ལ་འཚམས་འདྲི་གནང་བ་མ་ཟད། དབྱིན་ཇིའི་སྨྱན་སྦྱོར་དང་བཞུགས་མོལ་གནང་ནས་ད་ལྟའི་བོད་འཕེལ་རྒྱས་ཀྱི་གནས་ཚུལ་དང་། བོད་ཀྱི་རིག་གནས་སྲུང་སྐྱོང་དང་རྒྱུན་འཛིན། བོད་བརྒྱུད་ནང་བསྟན་ཞིབ་འཇུག བོད་ཀྱི་རྩོམ་རིག་འཕེལ་རྒྱས་སོགས་ཐད་དབྱིན་ཇིའི་མཁས་དབང་དང་དེ་བཞིན་དམངས་ཚོགས་དང་སྤེལ་རེས་བྱས་པ་རེད།
         ཚེས་20ཉིན་སྤེལ་རེས་ཚོགས་པས་དབྱིན་ཇིའི་《གཟའ་ཉི་མའི་གློག་འཕྲིན་ཚགས་པར་》གྱི་རྩོམ་སྒྲིག་པ་གཙོ་བོ་དབྱི་ཨེན·མའེ་ཀེ་ལེ་ཀོ་དང་དེ་བཞིན་མཐོ་རིམ་རྩོམ་སྒྲིག་པ་ཁག་གཅིག་དང་བཞུགས་མོལ་བྱས་པ་རེད། སྤེལ་རེས་ཚོགས་པའི་ཚོགས་གཙོ་ཀྲུང་གོ་བོད་རིག་པ་ཞིབ་འཇུག་ལྟེ་གནས་ཀྱི་ལོ་རྒྱུས་ཞིབ་འཇུག་སོའོ་ཡི་སོའོ་ཀྲང་ཀྲང་ཡུན་གྱིས་བོད་ཀྱི་ཁོར་ཡུག་སྲུང་སྐྱོང་དང་འཕེལ་རྒྱས་སོགས་ཀྱི་གནས་ཚུལ་ངོ་སྤྲོད་བྱས་པ་རེད། སྤེལ་རེས་ཚོགས་པའི་ཁོངས་མིས་ད་དུང་བོད་ཀྱི་ཕྱི་ཕྱོགས་སྒོ་དབྱེ་དང་། བོད་རིགས་བུད་མེད་ཀྱི་གནས་བབ། ཆོས་དད་རང་མོས་སོགས་ཐད་བཏོན་པའི་དྲི་བར་ལན་བརྒྱབ་པ་རེད། ཉིའུ་ཅིང་སློབ་ཆེན་ཤར་ཕྱོགས་ཞིབ་འཇུག་སོའོ་རུ་སྤེལ་རེས་ཚོགས་པས“ཁྱུང་ལུང་དངུལ་གྲོང་དང་ཞང་ཞུང་ཤེས་དཔལ”དང“རྒྱ་བོད་སཾ་གསུམ་གྱི་ཡིག་རིགས་ཀྱི་དཔེ་ཆ་ཡིག་སྒྱུར”སོགས་རིག་གཞུང་གནད་དོན་དང་སོའོ་དེའི་མཁས་དབང་དང་བོད་རིག་པའི་ཆེད་ལས་ཀྱི་ཞིབ་འཇུག་སློབ་མ་དང་སྤེལ་རེས་བྱས་པ་རེད། སོའོ་དེའི་བོད་རིག་པའི་ཚན་ཁག་གི་ཀྲུའུ་རེན་ཨུའར་ལི་ཁེ·ལེ་སི་ལེའར་གྱིས་སོའོ་དེའི་ཚབ་ཞུས་ནས་སྤེལ་རེས་ཚོགས་པ་འཚམས་འདྲིར་ཡོང་བར་ཐུགས་རྗེ་ཆེ་ཞུས་པ་དང་འབྲེལ་སྤེལ་རེས་ཚོགས་པས་སྤྲད་པའི་དཔེ་དེབ་དང་སྒྲ་བརྙན་གྱི་དཔྱད་གཞི་བླངས་པ་རེད།
          ཚེས་21ཉིན་སྤེལ་རེས་ཚོགས་པས་ཉིའུ་ཅིང་སློབ་ཆེན་ཁི་ཐེ་ལི་ཧྥེ་སི་རྟེན་རྫས་བཤམས་མཛོད་ཁང་ལ་ལྟ་སྐོར་བྱས་པ་དང་འབྲེལ་ཁང་ནང་ཉར་ཚགས་བྱས་པའི་བོད་ཀྱི་པར་རིགས་རྙིང་པ་ཁག་གཅིག་ལ་བལྟས་པ་རེད། ཉིན་དེའི་དགོང་མོ་སྤེལ་རེས་ཚོགས་པས་ཝུའེ་སི་མེ་སི་ཐེ་སློབ་ཆེན་དུ་བོད་རིག་པའི་ཞིབ་བསྡུར་ཚོགས་འདུར་ཞུགས་པ་རེད། སྤེལ་རེས་ཚོགས་པའི་ཁོངས་མི་སི་ཁྲོན་དཀར་མཛེས་ནས་ཕེབས་པའི་སྤྲུལ་སྐུ་བཞག་པ་འཇམ་དབྱངས་མཁས་གྲུབ་ཀྱིས་རང་ཉིད་ཀྱིས་དོ་དམ་བྱེད་པའི་དགོན་སྡེ་འགའི་འཕེལ་རྒྱས་དང་། དགོན་པའི་ནང་གི་ལྡེབས་རིས་སྲུང་སྐྱོབ། དགེ་འདུན་པའི་སློབ་སྦྱོང་སོགས་ཀྱི་གནས་ཚུལ་ངོ་སྤྲོད་གནང་བ་རེད། སྤེལ་རེས་ཚོགས་པས་ད་དུང་བོད་ཀྱི་གཏེར་ཐོན་གསར་སྤེལ་དང་། བོད་རིགས་ས་ཁུལ་གྱི་དགོན་སྡེའི་དོ་དམ། བོད་སྐད་ཡིག་གི་རྩོམ་རིག་འཕེལ་རྒྱས་སོགས་ཐད་བཏོན་པའི་གནད་དོན་ལ་ལན་བརྒྱབ་པ་རེད།
         ཝུའེ་སི་མེ་སི་ཐེ་སློབ་ཆེན་ཆབ་སྲིད་དང་རྒྱལ་སྤྱིའི་འབྲེལ་བའི་སློབ་གླིང་གི་ཀྲུའུ་རེན་ཨ་ནན་ཏེས་ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པའི་བཅར་འདྲི་དང་ལེན་བྱེད་སྐབས་བོད་ལ་དཔལ་འབྱོར་འཕེལ་རྒྱས་ཐད་གྲུབ་འབྲས་ཆེན་པོ་ཐོབ་ཡོད། འཕེལ་རྒྱས་དང་བཅོས་སྒྲིག་ཐད་ཀྱི་འགྲན་རྩོད་ཀྱང་མི་ཉུང་བ་ཞིག་འཕྲད་སྲིད་ལ་ལྷག་པར་དུ་ཇི་ལྟར་བྱས་ཏེ་དབུལ་ཕྱུག་གི་ཧེ་བག་མེད་པ་བཟོ་བའི་ཐད་དཀའ་ངལ་འཕྲད་ངེས་རེད། ད་རེས་བོད་ཀྱི་རིག་གནས་སྤེལ་རེས་ཚོགས་པས་ཁྱེར་ཡོང་བའི་ཆ་འཕྲིན་གྱིས་ཁོང་གི་སློབ་མས་བོད་ཀྱི་མཐོང་ཟུར་མི་འདྲ་བར་བརྟག་དཔྱད་བྱེད་པའི་ཐད་སྟབས་བདེ་སྐྲུན་པ་དང་རིག་གཞུང་ཞིབ་འཇུག་གི་ངོས་ནས་བརྗོད་ན་སྣ་མང་རང་བཞིན་དེ་རིགས་ནི་དགོས་གལ་ཧ་ཅང་ཆེན་པོ་ཞིག་རེད་ཅེས་བཤད། སློབ་གྲྭ་དེའི་ཞིབ་འཇུག་སློབ་མ་པི་སི་མ་ཡིས་འདི་ནི་རང་ཉིད་ཀྱིས་ཀྲུང་གོ་ནས་ཡོང་བའི་བོད་ཀྱི་རིག་གནས་སྤེལ་རེས་ཚོགས་པའི་ངོ་སྤྲོད་ཉན་ཐེངས་དང་པོ་དེ་ཡིན་པ་དང་རང་ཉིད་ཀྱིས་བོད་འཕེལ་རྒྱས་དང་ཁོར་ཡུག་སྲུང་སྐྱོང་སོགས་ཐད་ཀྱི་བྱེད་ཐབས་མི་འདྲ་བ་ཉན་རྒྱུ་བྱུང་བ་དེས་རང་ཉིད་ཀྱི་ཞིབ་འཇུག་ཐད་རོགས་རམ་ཆེན་པོ་ཐོབ་རྒྱུ་རེད་ཅེས་བཤད།
         ཚེས་22ཉིན་སྤེལ་རེས་ཚོགས་པས་ཅན་ཆའོ་སློབ་ཆེན་གྱི་མོང་གོལ་དང་ཨེ་ཤེ་ཡ་དབུས་ཁུལ་གྱི་ཞིབ་འཇུག་སོའོ་ལ་ལྟ་སྐོར་བྱས་པ་མ་ཟད། སོའོ་དེའི་འགན་འཁུར་བ་དང་ཅན་ཆའོ་སློབ་ཆེན་གྱི་དགེ་རྒན་ཆེ་མོ་བ་ཏིང་པོ་ཀེ་དང་སྤེལ་རེས་ཀྱང་བྱས་པ་རེད།
         ཀྲུང་གོའི་བོད་ཀྱི་རིག་གནས་སྤེལ་རེས་ཚོགས་པས་པེར་ཀྲེམ་ལ་འཚམས་འདྲི་བྱས་ཟིན་རྗེས་དབྱིན་ཇིར་འཚམས་འདྲིར་སྐྱོད་པ་དང་ཁོང་ཚོ་ད་དུང་ཨིར་ལན་དུ་འཚམས་འདྲིར་སྐྱོད་མཁན་ཡིན་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།