འཚོལ་བཤེར།   
藏文频道
2016ལོའི་ཟླ་8ཚེས་22ཉིན།
  • མི་དམངས་དྲ་བ།

    ༄༅།།སང་ལོ་ཆབ་མདོའི་སྤང་མདའ་གནམ་ཐང་གི་འཕུར་སྐྱོད་ཁུལ་སྒྱུར་བཀོད་བེད་སྤྱོད་བྱས་
    ནས་2020ལོར་སླེབས་སྐབས་ཡུལ་སྐོར་བ་སྐྱེལ་འདྲེན་བྱེད་ཚད་མི་ཐེངས་
    ཁྲི་43ཟིན་རྒྱུའི་བརྩོན་ལེན་བྱ་རྒྱུ་ཡིན་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 08ཚེས་22ཉིན། 08:56】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། ཉེ་ཆར། དམངས་སྤྱོད་མཁའ་འགྲུལ་བོད་ལྗོངས་ཁུལ་ཅུས་ནས་ཤེས་རྟོགས་བྱས་པར་གཞིགས་ན། ཆབ་མདོའི་སྤང་མདའ་གནམ་ཐང་གིས་2020ལོར་སླེབས་སྐབས་ལོ་རེར་ཡུལ་སྐོར་བ་སྐྱེལ་འདྲེན་བྱེད་ཚད་མི་ཐེངས་ཁྲི་43དང་། དངོས་ཟོག་དབོར་འདྲེན་བྱེད་ཚད་ཏུན་2000 གནམ་གྲུ་བདེ་འཇགས་ངང་འཕུར་སྐྱོད་བྱེད་ཐེངས་4000བཅས་ཟིན་པ་བྱས་ནས་དམངས་སྤྱོད་མཁའ་འགྲུལ་གྱིས་ས་གནས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ཞབས་འདེགས་ཞུ་ནུས་རྒྱུན་མཐུད་ངང་ཆེ་རུ་འགྲོ་རྒྱུའི་བརྩོན་ལེན་བྱ་རྒྱུ་ཡིན་པ་རེད།
         ཆབ་མདོའི་སྤང་མདའ་གནམ་ཐང་ནི་བོད་ཀྱི་དམངས་སྤྱོད་མཁའ་འགྲུལ་སྐྱེལ་འདྲེན་གྱི་གནམ་ཐང་གཉིས་པ་དེ་ཡིན། ཤེས་རྟོགས་བྱས་པར་གཞིགས་ན། འདི་ལོའི་ཟླ་5བར། སྤང་མདའ་གནམ་ཐང་གིས་དུས་གཏན་གནམ་གྲུ་ཐེངས་16256གི་བདེ་འཇགས་འགན་ལེན་བྱས་ནས་འགྲུལ་པ་མི་ཐེངས་ཁྲི་155.5སྐྱེལ་འདྲེན་བྱས་པ་དང་དངོས་ཟོག་ཏུན་9318.8དབོར་འདྲེན་བྱས་ཡོད། གནམ་ཐང་བཙུགས་མ་ཐག་དང་བསྡུར་ན། ལོ་རེར་དུས་གཏན་གནམ་གྲུ་འཕུར་ཐེངས་དང་ཡུལ་སྐོར་བ་དང་དངོས་ཟོག་དབོར་འདྲེན་བྱེད་ཚད་ལྡབ་30ལྷག་ཙམ་འཕར་ཡོད།
         ཤེས་རྟོགས་བྱུང་བར་གཞིགས་ན། གནམ་གྲུ་ཤར་གཏོང་ཐུབ་ཚུན། ཆབ་མདོ་གནམ་ཐང་གི་སྐབས་རིམ་བྱུང་འགོ་ཁྲིད་ཚན་ཁག་གིས་གནམ་ཐང་དེའི་ལས་བྱེད་ལས་བཟོར་མཐུན་སྒྲིལ། སྣེ་ཁྲིད་བྱས་ཏེ་ས་བབ་མཐོ་བ་དང་། ཁོར་ཡུག་ཞན་པ། ཆ་རྐྱེན་ཞན་པ་སོགས་ཀྱི་དཀའ་ངལ་ཁྱད་བསད་ཧུར་ཐག་བྱས་པ་དང་། གསར་འབྱེད་གསར་གཏོད་དང་དཀའ་སྤྱད་འབད་བརྩོན། དད་སེམས་བརྟན་པོ་དང་ལས་གནས་བརྟན་སྲུང་གིས་གནམ་གྲུ་ཤར་གཏོང་ཐུབ་ནས་ལོ་21སོང་བ་དང་བདེ་འཇགས་འགན་ལེན་ལོ་21བྱས་པའི་ཕུལ་བྱུང་གྲུབ་འབྲས་བཏོད་ནས་ས་གནས་ཀྱི་དཔལ་འབྱོར་མགྱོགས་མྱུར་འཕེལ་རྒྱས་དང་། སྤྱི་ཚོགས་ཞི་མཐུན་བརྟན་ལྷིང་། མི་རིགས་དབར་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་བྱ་ཆེད་མངོན་གསལ་དོད་པའི་ལེགས་སྐྱེས་ཕུལ་བ་མ་ཟད། ཁུལ་ཅུས་ཀྱི་བདེ་འཇགས་དང་། བརྟན་ལྷིང་། སྐྱོན་བྲལ། རྒྱུན་མཐུད་བཅས་ཀྱི་སྐྱེལ་འདྲེན་གཉེར་སྐྱོང་ལ་འདེགས་སྐྱོར་ནུས་ལྡན་བྱས་ཐོག་ཀྲུང་གོའི་དམངས་སྤྱོད་མཁའ་འགྲུལ་གྱི་ས་མཐོའི་ཡན་ལག་གནམ་ཐང་གཉེར་སྐྱོང་ལ་རྩ་ཆེའི་ཉམས་མྱོང་གསོག་འཇོག་ཀྱང་བྱས་ཡོད།
         འོན་ཀྱང་ཕྱི་རོལ་ཡུལ་གྱི་ཤུགས་རྐྱེན་ཐེབས་པའི་དབང་གིས། ཆབ་མདོའི་གནམ་ཐང་གི་འཕེལ་རྒྱས་ཅུང་རྗེས་ལུས་ཐེབས་ཡོད་ལ་གནད་དོན་ཡང་མང་ཙམ་ཡོད། གཙོ་བོ་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་གཏོང་དགོས་པ་དང་། ཤེས་ལྡན་མི་སྣའི་དཔུང་ཁག་ལ་ཤུགས་སྣོན་རྒྱག་དགོས་པ། བདེ་འཇགས་དོ་དམ་ཆུ་ཚད་མཐོ་རུ་གཏོང་དགོས་པ། ཏང་དང་མང་ཚོགས་དབར་གྱི་ལས་དོན་སྲ་བརྟན་དུ་གཏོང་དགོས་པ། དོ་དམ་སྒྲིག་གཞི་འཐུས་ཚང་དུ་གཏོང་དགོས་པ། སྤྱིའི་དོ་དམ་ཆུ་ཚད་སྔར་བས་མཐོ་རུ་གཏོང་དགོས་པ་བཅས་རེད།
         《ཆབ་མདོའི་དཔལ་འབྱོར་དང་སྤྱི་ཚོགས་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་དང་ཡུན་རིང་བདེ་འཁོད་ལ་མགྱོགས་མྱུར་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་ཀྲུང་གུང་བོད་རང་སྐྱོང་ལྗོངས་ཨུ་ལྷན་དང་བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་བསམ་འཆར་》དང་《བོད་རང་སྐྱོང་ལྗོངས་དམངས་སྤྱོད་མཁའ་འགྲུལ་གྱི“ལོ་ལྔ་ཚན་བཅུ་གསུམ་པའི”འཕེལ་རྒྱས་འཆར་འགོད་》གཞིར་བཟུང་། ཆབ་མདོའི་སྤང་མདའ་གནམ་ཐང་གིས་2020ལོར་སླེབས་སྐབས་ལོ་རེར་ཡུལ་སྐོར་བ་སྐྱེལ་འདྲེན་བྱེད་ཚད་མི་ཐེངས་ཁྲི་43དང་། དངོས་ཟོག་དབོར་འདྲེན་བྱེད་ཚད་ཏུན་2000 གནམ་གྲུ་བདེ་འཇགས་ངང་འཕུར་སྐྱོད་བྱེད་ཚད་ཐེངས་4000བཅས་ཟིན་ནས་དམངས་སྤྱོད་མཁའ་འགྲུལ་གྱིས་ས་གནས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ཞབས་འདེགས་ཞུ་ནུས་རྒྱུན་མཐུད་ངང་ཆེ་རུ་འགྲོ་རྒྱུའི་བརྩོན་ལེན་བྱ་རྒྱུ་ཡིན་པ་རེད།
         “ཆབ་མདོའི་སྤང་མདའ་གནམ་ཐང་གི་འཕུར་སྐྱོད་ཁུལ་སྒྱུར་བཀོད་ལས་གྲྭར་2017ལོར་མ་དངུལ་གཏོང་རྒྱུ་དང་དུས་མཚུངས་ཆབ་མདོའི་སྤང་མདའ་གནམ་ཐང་གི་སྒྱུར་བཀོད་ལས་གྲྭའི་དུས་འགོའི་ལས་དོན་ལ་མགྱོགས་མྱུར་སྐུལ་འདེད་བཏང་སྟེ་2018ལོར་སླེབས་སྐབས་ལས་འགོ་འཛུགས་རྒྱུའི་བརྩོན་ལེན་བྱ་རྒྱུ་རེད། གནམ་ཐང་སྒྱུར་བཀོད་རྒྱས་སྐྲུན་ལས་གྲྭའི་ནང་དཀྱིལ་ཐང་གྲོང་རྡལ་གྱི་ཡུལ་སྐོར་བའི་ཞག་སྡོད་ཁང་པ་དང་དེ་བཞིན་ལས་མིའི་བར་བརྒྱུད་རྟེན་གཞིའི་བྱེད་འཐུས་རང་བཞིན་ལ་སྤྱི་འདོམས་ཐོག་བསམ་བློ་བཏང་ཡོད”ཅེས་འགན་འཁུར་བ་དེས་བཤད།
         འགན་འཁུར་བ་དེས་ངོ་སྤྲོད་བྱས། དམངས་སྤྱོད་མཁའ་འགྲུལ་བོད་ལྗོངས་ཁུལ་ཅུས་ཀྱིས་མཁའ་འགྲུལ་ཀུང་སི་དང་མཐུན་སྦྱོར་བྱས་ཏེ་ཆབ་མདོ་ནས་ཁྲེང་ཏུའུ་བར་གྱི་དུས་གཏན་གནམ་གྲུ་མང་དུ་གཏོང་བ་དང་ཆབ་མདོ་ནས་ཁ་གཏད་བོད་སྐྱོར་ཞིང་ཆེན་དང་གྲོང་ཁྱེར་བར་གྱི་མཁའ་ལམ་དང་ཆབ་མདོ་ནས་རྒྱལ་ནང་གི་གྲོང་ཁྱེར་ཆེ་འབྲིང་གི་མཁའ་ལམ་གཏོད་རྒྱུ་ཡིན་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།