འཚོལ་བཤེར།   
藏文频道
2016ལོའི་ཟླ་8ཚེས་22ཉིན།
  • མི་དམངས་དྲ་བ།

    ༄༅།།ཨ་རིར་ཡང་སུའུ་ཀྲོའུ་སྐྱེད་ཚལ་དང་གཉིས་སུ་མ་མཆིས་པ་ཞིག་ཡོད་པ།

    ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ། ཞུས་ཅན་མེ་དང་། ཅང་ཡུས་ཅོན་གྱིས།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 08ཚེས་22ཉིན། 08:50】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         ཨ་རིའི་ནུབ་བྱང་མཚམས་ཀྱི་ཨུ་ལེ་ཀང་ཀྲོའུ་པོ་ཐེ་ལན་ཞེས་པའི་གྲོང་ཁྱེར་གྱི་ལྟེ་བའི་འཁྲུག་ཆ་དོད་སར་པ་འཁེལ་བའི་གྱང་དཀར་རྫ་ནག་གིས་བསྐོར་བའི་ཁྲོམ་གཞུང་དུ་ཁང་པའི་ཡང་སྟེང་དུ་མེའི་འཇིགས་པ་འགོག་པའི་འབྲུག་གཟུགས་ཀྱི་སྣང་བརྙན་བརྐོས་པ་དང་མདའ་གཡབ་འོག་གི་རྫ་དེ་པགས་བྱིའུ་ཡི་དབྱིབས་སུ་བཟོས་ནས་པགས་བྱིའུ་ལྔ་ལས་གྲུབ་པའི་ཚེ་ཡིག་གིས་བརྒྱན། ལྗོན་ཤིང་གིས་ཡོངས་སུ་བཀླུབས་པའི་ཁྲོད་བྱོན་ལེགས་པའི་རྡོའི་སེང་གེ་གཉིས་ལམ་ཁའི་རྟ་འབབ་གཡས་གཡོན་ལ་ཀྲོང་ངེར་འགྱིང་བཞིན་ཡོད།
         དུས་ཚོད་ནི་བྱ་འཕུར་བ་ལྟར་འགྲོ་མགྱོགས་པས་ཆུད་ཟོས་སུ་གཏོང་མི་རུང་། ཆུ་འགྲམ་བསིལ་ཁང་དུ་རྒན་རྒོན་བཅུ་གྲངས་རླུང་སྒོམ་སྦྱོང་བཞིན་ཡོད་པ་དང་། འཁྱོག་ཁྱམས་སུ་ཕ་མས་ཕྲུ་གུ་འཁྲིད་དེ་རྩེད་མོ་རྩེ་བཞིན་ཡོད་པ། བསིལ་ཁང་དུ་ལ་ལས་དཔེ་ཀློག་དང་ལ་ལས་ཡི་གེ་འབྲི་བཞིན་ཡོད་པ། མཚེའུ་འགྲམ་ཇ་ཁང་དུ་ལ་ལས་སྒེའུ་ཁུང་ནས་ཕྱིར་ལྟ་སྐབས་ཡོངས་རྫོགས་ཕྱི་རྒྱལ་བ་ཡིན་པ་སོགས་རེད། མགོ་བོ་དགྱེ་སྐབས་ཨ་རིའི་དེང་རབས་གྲོང་ཁྱེར་གྱི་ཐོག་བརྩེགས་ཁང་ཆེན་དེ་དག་ཀྱང་སྐྱེད་ཚལ་གྱི་ཟུར་ལྗོངས་སུ་གཡར་ཡོད།
         དེ་ནི་ལན་སུའུ་སྐྱེད་ཚལ་ཏེ་ཀྲུང་གོའི་ས་ཁོངས་ཕྱིའི་གནའ་བོའི་སུའུ་ཀྲོའུ་སྐྱེད་ཚལ་ངོ་མ་དེ་རེད། ཨ་རིའི་མཉམ་འབྲེལ་འཕྲིན་གཏོང་ཁང་གིས་དེ་ནི“དེང་རབས་གྲོང་ཁྱེར་ལྟེ་གནས་ཀྱི་གནའ་བོའི་སྔོ་ལྗང་གླིང་ཞིག་དང་ཤར་ཕྱོགས་ཀྱི་སྲོལ་རྒྱུན་རིག་གནས་གྲུབ་འབྲས་ཐོབ་པའི་ངང་ནུབ་ཕྱོགས་ཀྱི་དེང་རབས་སྤྱི་ཚོགས་སུ་དར་སྤེལ་གཏོང་བའི་དཔེ་མཚོན”ཞིག་རེད་ཅེས་བསྔགས་བརྗོད་བྱེད་མྱོང་ཡོད། 《དུས་རབས་》ཞེས་པའི་གཟའ་རེའི་དུས་དེབ་ཐོག་འདི་ལོ་འོས་སྦྱོར་བྱས་པའི་པོ་ཐེ་ལན་གྱི་རོལ་རྩེད་ཆེ་གྲས་10ཡི་ཁྲོད་ལན་སུའུ་སྐྱེད་ཚལ་དེ་ཉིད་ཨང་བདུན་པ་ཡིན་པ་དང“དེ་པོ་ཐེ་ལན་གྲོང་ཁྱེར་ལྟེ་གནས་ཀྱི་འགྲོ་ས་ཡག་ཤོས་ཤིག་རེད”
         སྔོན་ཆད་དེ་གར་རླངས་འཁོར་འཇོག་ས་རེད། 1985ལོར་པོ་ཐེ་ལན་གྲོང་སྲིད་ཀྲོན་ཡོན་མའེ་ཁེ་· ལིན་ཏེ་པོ་ཀེ་ཀྲུང་གོར་འཚམས་འདྲིར་འགྲོ་སྐབས་སུའུ་ཀྲོའུ་སྐྱེད་ཚལ་གྱི་མཛེས་ལྗོངས་ཀྱིས་ཡིད་དབང་འཕྲོག་སྟེ་པོ་ཐེ་ལན་དུའང་ཀྲུང་གོའི་གནའ་བོའི་སྐྱེད་ཚལ་འདི་འདྲ་ཞིག་བསྐྲུན་རྒྱུའི་ཕུགས་འདུན་བཅངས་ཡོད། ལོ་གསུམ་རྗེས་སུ་པོ་ཐེ་ལན་དང་སུའུ་ཀྲོའུ་འདི་ཉིད་གཅེན་གཅུང་གྲོང་ཁྱེར་གྱི་འབྲེལ་བ་བཙུགས་པ་དང་སང་ལོར་ཁེ་གཉེར་མིན་པའི་རྩ་འཛུགས་གནའ་བོའི་ཀྲུང་གོའི་སྐྱེད་ཚལ་མཐུན་ཚོགས་པོ་ཐེ་ལན་དུ་བཙུགས་ཏེ་ལས་འགན་ནི་ཕུགས་འདུན་དེ་འགྲུབ་པར་བྱ་རྒྱུ་དེ་རེད།
         པོ་ཐེ་ལན་གྲོང་ཁྱེར་སྲིད་གཞུང་གིས་སྐྱེད་ཚལ་ཇུས་འགོད་ལས་འགན་སུའུ་ཀྲོའུ་ལ་སྤྲད་དེ་སླར་ཡང་ཁེ་གཉེར་མིན་པའི་རྩ་འཛུགས“གནའ་བོའི་ཀྲུང་གོའི་མེ་ཏོག་སྐྱེད་ཚལ་ཡིད་རྟོན་ཐེབས་རྩ”བཙུགས་ཏེ་སྐྱེད་ཚལ་བསྐྲུན་རྒྱུའི་གྲོན་དངུལ་སློང་བསྡུ་བྱས་པ་དང་ཆབས་ཅིག་གྲོང་མི་མང་པོས་ཞལ་འདེབས་ཀྱང་བརྒྱབ་ཡོད། 1999ལོའི་ཟླ་7པར་ས་ཁྱོན་སྨི་ངོས་གྲུ་3716བཟུང་བའི་ལན་སུའུ་སྐྱེད་ཚལ་བསྐྲུན་འགོ་ཚུགས་པ་དང་སུའུ་ཀྲོའུ་ཡི་བཟོ་རྩལ་པ་65པོ་ཐེ་ལན་དུ་ཡོང་བ་དང་ཨ་རིའི་དེང་རབས་ཀྱི་བཟོ་བཀོད་བདེ་འཇགས་དང་ཡོམ་འགོག་ཚད་གཞི་ལྟར་ལས་ཀ་ཟླ་བ་བཅུ་བྱས་པ་དང་འཛུགས་སྐྲུན་རྒྱུ་ཆ་ཕལ་ཆེ་བ་ཀྲུང་གོ་ནས་དབོར་འདྲེན་བྱས་པའི་ནང་ཐའེ་ཧུའུ་མཚེའུའི་མཛེས་རྡོ་ཏུན་500ལྷག་ཙམ་ཚུད་པ་དེས་ལན་སུའུ་སྐྱེད་ཚལ་འདི་ཉིད་ཀྲུང་གོའི་ས་ཁོངས་ཕྱིའི་ཐའེ་ཧུའུ་མཚེའུའི་རྡོ་ཉར་ཚགས་བྱེད་ཚད་ཆེ་ཤོས་སུ་གྱུར་ཡོད།
         ལན་སུའུ་སྐྱེད་ཚལ་བསྐྲུན་པ་དང་དུས་མཚུངས་པོ་ཐེ་ལན་དུ་ཁེ་གཉེར་མིན་པའི་རྩ་འཛུགས་ཨང་གསུམ་པ་སྟེ་པོ་ཐེ་ལན་གནའ་བོའི་ཀྲུང་གོའི་མེ་ཏོག་སྐྱེད་ཚལ་བཙུགས་ཏེ་ལན་སུའུ་སྐྱེད་ཚལ་བསྐྲུན་རྗེས་ཀྱི་གཉེར་སྐྱོང་གི་འགན་འཁུར་བ་རེད། 2000ལོའི་ཟླ་9པར་བཟོ་སྐྲུན་གྱི་འགྲོ་གྲོན་བསྡོམས་འབོར་ཨ་སྒོར་ཁྲི་1230ཟིན་པའི་ལན་སུའུ་སྐྱེད་ཚལ་དེ་དམངས་བྱིངས་ལ་སྒོ་མོ་ཕྱེ་ཡོད། ལོ་16གི་རྗེས་སུ་ལན་སུའུ་སྐྱེད་ཚལ་གྱི་ལོའི་འགྲོ་གྲོན་གཏོང་མཁན་ཚོགས་མི་4300ལས་བརྒལ་བ་དང་འོས་འགན་ལས་བཟོ་མི་གྲངས་200ལས་བརྒལ་ཏེ་ན་ནིང་ཡུལ་སྐོར་བ་མི་ཐེངས་ཁྲི་15ཟིན་ཡོད་པ་རེད།
         ལན་སུའུ་སྐྱེད་ཚལ་ཉིད་སུའུ་ཀྲོའུ་ཡི་སྐྱེད་ཚལ་ག་གེ་མོ་ཞིག་བསྐྱར་སྐྲུན་བྱས་པ་གཏན་ནས་མིན་ཡང་སུའུ་ཀྲོའུ་ཡི་བཟོ་བཀོད་པ་ཚོས་ཡུལ་བབ་དང་བསྟུན་ནས་ལན་སུའུ་སྐྱེད་ཚལ་ཇུས་འགོད་བྱེད་སྐབས“སུའུ་ཀྲོའུ་སྐྱེད་ཚལ་གྱི་སྒྱུ་རྩལ་གྱི་གཞི་རྒྱུ་སྣ་ཚོགས་ཆ་ཚང་བ་དང་དོ་སྙོམས་པའི་ངང་མངོན་པར་བྱས་ཡོད”ས་གནས་ཀྱི་སྐྱེད་ཚལ་མཁས་ཅན་ཚོས་ཀྱང་ལེགས་ཐོག་ལེགས་བརྩེགས་ཡོང་བ་བྱས་ནས་མེ་ཏོག་སྣ་ཁ་400ལྷག་ཙམ་སྤོ་འཛུགས་བྱས་པ་མ་ཟད་ཕལ་ཆེ་བ་ཀྲུང་གོའི་སོན་སྣ་ཡིན་པ་རེད། སྐྱེད་ཚལ་པུའུ་ཡི་ཀྲུའུ་རེན་ཀེ་ལིང་·ཝར་ཁོ་ཡིས་ལན་སུའུ་སྐྱེད་ཚལ་ལ་ལོ་གཅིག་དུས་བཞི་ཚང་མར་མེ་ཏོག་གི་དྲི་ཞིམ་འཐུལ་གྱི་ཡོད་ཅེས་བརྗོད་བྱུང་།
         མེ་ཏོག་གི་དྲི་ཞིམ་རིང་དུ་འཐུལ། རྩྭ་ཕོན་གྱི་དྲི་བསུང་ཀུན་ལ་ཁྱབ། ཀྲུང་གོའི་འབྲི་ཆུའི་ལྷོ་རྒྱུད་ཀྱི་ལོ་ངོ་སྟོང་གི་ས་རྒྱུ་གཤིན་པོའི་ཐོག་གི་བཟོ་བཀོད་པ་ཚོའི་སོར་རྩེ་ལག་རྩལ་ལས་བྱུང་བའི་བཟོ་སྐྲུན་ཨ་རིའི་དེང་རབས་གྲོང་ཁྱེར་གྱི་འདུ་འཛི་ཆེ་སར་ཁྱབ་ཡོད། ཕྱི་ནས་ཡོང་བའི་ཡུལ་སྐོར་བས་ལན་སུའུ་སྐྱེད་ཚལ་འདི་ཉིད་ཡུལ་སྐོར་བྱ་ཡུལ་གྱི་མཛེས་ལྗོངས་ཤིག་ཏུ་བརྩི་བ་དང་ས་གནས་ཀྱི་ཡུལ་མིས་འདི་ཉིད་སེམས་ཁམས་གསོ་སར་བརྩི་ཡི་ཡོད། ལོ་ན་73ཡིན་པའི་ཧྲི་ཏི་ཕུའུ་·ཀུའུ་ཏེ་ཝེ་ཤིས་ལན་སུའུ་སྐྱེད་ཚལ་དུ་འོས་འགན་ལས་ཀ་ལོ་བཅུ་བྱེད་མྱོང་ཡོད། ཁོང་གིས་ཐོབ་དཀའ་ཤོས་ནི་བྲེལ་འཚུབ་ཆེ་བའི་གྲོང་ཁྱེར་གྱི་འཚོ་བའི་ཁྲོད་ལན་སུའུ་སྐྱེད་ཚལ་གྱིས་དབེན་འཇམ་ཞི་བདེ་བསྐྲུན་ཡོད། ལན་སུའུ་སྐྱེད་ཚལ་རྣམ་གྲངས་པུའི་ཅིང་ལི་སུན་ཡུན་ཀྲིས་ས་སྲོས་སུ་སྐྱེད་ཚལ་སྒོ་བརྒྱབ་རྗེས་གཉེན་སྒྲིག་གི་མཛད་སྒོ་གཉེར་གྱི་ཡོད། འདི་ལོའི་དབྱར་ཁར་ཡོངས་སུ་མངགས་ཐོ་བཀོད་ཟིན་ཞེས་ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པར་བརྗོད་བྱུང་།
         སུན་ཡུན་ཀྲིས་ལན་སུའུ་སྐྱེད་ཚལ་འདི་ཉིད་མཛེས་ལྗོངས་ཁུལ་ཞིག་ཡིན་པ་མ་ཟད། སྡེ་ཁུལ་གྱི་ལྟེ་གནས་ཀྱང་ཡིན་ལ་ཀྲུང་གོའི་རིག་གནས་ཀྱི་མེ་ཏོག་རྣམ་པར་བཞད་པའི་ཡུལ་ཞིག་ཀྱང་རེད། སྐྱེད་ཚལ་སྒོ་ཕྱེ་བ་ནས་བཟུང་ཨ་རིའི་མི་མང་པོ་ཞིག་ལ་དེ་གར་ཀྲུང་གོའི་རིག་གནས་ཉམས་སུ་མྱོང་བའི་གོ་སྐབས་ཐེངས་དང་པོ་བྱུང་ནས་ཐའེ་ཅི་དྲག་རྩལ་དང་། རླུང་སྒོམ། མིག་མངས་རྒྱག་པ། ཡིག་གཟུགས་སྦྱོང་བ། ཁོག་མའི་མེ་ཏོག་མྱོང་རོལ། ཟླ་མཆོད་བག་ལེབ་བཟོ་བ། ཀྲུང་གོའི་དཔྱིད་གསར་དུས་ཆེན་ལ་རྟེན་འབྲེལ་ཞུ་བ་སོགས་ཀྱི་རིག་གནས་བྱེད་སྒོ་ཆེ་ཆུང་སྣ་ཚོགས་500ལས་བརྒལ་བ་དང་སློབ་དུས་ཀྱི་སློབ་སྦྱོང་མཇུག་འགྲིལ་བའི་སློབ་གྲྭ་འབྲིང་ཆུང་གི་སློབ་མ་3000ལྷག་ཙམ་དགེ་རྒན་གྱི་སྣེ་ཁྲིད་འོག་དེ་གར་སླེབས་ཡོད།
         “ཨ་རི་བའི་འཚོ་བའི་ཁྲོད་ཀྲུང་གོའི་རིག་གནས་ཀྱི་དོན་སྙིང་ཕྲན་བུ་མངོན་ཐུབ་པ་བྱ་རྒྱུ་ནི་ང་ཚོའི་དམིགས་ཡུལ་ཡིན”ཞེས་ཁོང་གིས་བརྗོད་བྱུང་།
      

    ཕྱོགས་བསྡུས་གསར་འགྱུར།