འཚོལ་བཤེར།   
藏文频道
2016ལོའི་ཟླ་8ཚེས་22ཉིན།
  • མི་དམངས་དྲ་བ།

    ༄༅།།ཀྲུང་གོའི་ཉམས་མྱོང་ནི་དཔེ་ལྟ་འོས་པ་ཞིག་དང་སློབ་སྦྱོང་བྱེད་འོས་པ་ཞིག་རེད།

    ཀྲུང་གོར་བཅའ་སྡོད་་ཨེ་ཅིབ་ཀྱི་གཞུང་ཚབ་ཆེ་མོ་བ། མཱ་ཅེ་ཏི·ཨེ་རྨིའར་གྱིས།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 08ཚེས་22ཉིན། 08:49】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         ངས་ཀྲུང་གོར་བཅའ་སྡོད་གཞུང་ཚབ་ཆེ་མོ་བ་བྱས་ནས་ལོ་གསུམ་ཕྱིན་སོང་། ད་ཐེངས་ནི་ཀྲུང་གོར་ཡོང་ཐེངས་གཉིས་པ་ཡིན། ལོ་བཅུའི་གོང་དུ་ཀྲུང་གོར་ཐེངས་དང་པོ་སླེབས་བྱུང་། ཀྲུང་གོར་འཚོ་བ་བསྐྱལ་བའི་ལོ་བཅུའི་རིང་ལ་ཀྲུང་གོར་འཕེལ་རྒྱས་བྱུང་བ་དང་འགྱུར་ལྡོག་མང་པོ་བྱུང་བ་མཐོང་ལ་ཀྲུང་གོ་མི་དམངས་ཀྱི་འཚོ་བའི་ཆུ་ཚད་ཇེ་མཐོར་སོང་བའང་མཐོང་བྱུང་།
         ཀྲུང་གོར་སྡོད་རིང་གྲོགས་པོ་མང་པོ་བསྒྲིགས་པ་ཡིན། ང་ཚོའི་བར་གྱི་མཛའ་གྲོགས་འབྲེལ་བ་ད་བར་རྒྱུན་འཁྱོངས་བྱུང་ཡོད། ལོ་མང་རིང་ངས་ཨེ་ཀྲུང་དབར་གྱི་མཛའ་གྲོགས་འགྲོ་འོང་གི་དུས་སྐབས་གལ་ཆེན་མང་པོ་ཞིག་བརྒྱུད་པ་ཡིན་ལ་བདེན་དཔང་པོའང་བྱས་ཡོད། དེའི་ནང་ནས་བྱ་བ་གཉིས་ལ་བག་ཆགས་ཟབ་ཤོས་བྱུང་བ་སྟེ།
         བྱ་བ་དང་པོ་དེ་ན་ནིང་གི་ཟླ་9ཚེས་3ཉིན་ཐོན་ཞིང་། ཀྲུང་གོས་ཀྲུང་གོ་མི་དམངས་ཀྱི་རི་འགོག་དམག་འཁྲུག་དང་འཛམ་གླིང་གི་ཧྥ་ཤི་སིར་ངོ་རྒོལ་གྱི་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ་70འཁོར་བར་དྲན་གསོ་གཟབ་རྒྱས་ཞུས་པ་དང་ཨེ་ཅིབ་ཀྱི་ཙུང་ཐུང་སའེ་ཤིས་ཀྱིས་གནམ་བདེ་སྒོ་མོའི་སྟེང་ནས་དམག་གཟིགས་མཛད་སྒོར་གཟིགས་སོང་། ཉིན་དེར་ཨེ་ཅིབ་ཀྱི་གཟབ་སྦྲེང་རུ་ཁག་གི་དཔོན་དམག་གིས་གོམ་སྟབས་འགྲིག་པོས་གནམ་བདེ་སྒོ་མོའི་མདུན་ནས་དཔའ་ཉམས་ཆེན་པོའི་སྒོ་ནས་བསྐྱོད་དེ་ཀྲུང་གོ་དང་ཕྱི་རྒྱལ་གྱི་འགོ་ཁྲིད་པའི་གཟིགས་ཞིབ་དང་ལེན་བྱས་ཡོད། དེ་ནི་ཨེ་ཅིབ་ཀྱི་དམག་མིས་ཕྱི་རྒྱལ་གྱི་དམག་གཟིགས་མཛད་སྒོར་ཞུགས་ཐེངས་དང་པོ་རེད།
         བྱ་བ་གཉིས་པ་ནི་འདི་ལོའི་ཟླ་བ་དང་པོར་ཀྲུང་གོའི་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞིས་ཅིན་ཕིང་གིས་ཨེ་ཅིབ་ལ་རྒྱལ་དོན་འཚམས་འདྲི་གནང་བ་དེ་ཡིན་ཞིང་། ཀྲུའུ་ཞི་ཞིས་ཅིན་ཕིང་གིས་ཨེ་ཅིབ་ལྷོ་ཕྱོགས་ཀྱི་གནའ་གྲོང་ལུའུ་ཁེ་སུའོ་རུ་འཚམས་འདྲི་གནང་བ་དང་ཙུང་ཐུང་སའེ་ཤིས་དང་ལྷན་དུ་ལུའུ་ཁེ་སུའོ་ལྷ་ཁང་ཐང་ཆེན་དུ་འཚོགས་པའི་ཨེ་ཀྲུང་དབར་ཕྱི་འབྲེལ་བཙུགས་ནས་ལོ་60འཁོར་བར་རྟེན་འབྲེལ་ཞུ་བའི་བྱེད་སྒོ་དང་2016ལོའི་ཨེ་ཀྲུང་རིག་གནས་ལོའི་འགོ་འཛུགས་མཛད་སྒོར་ཞུགས་ཡོད། ཉིན་དེའི་བྱེད་སྒོ་ལེགས་གྲུབ་ཧ་ཅང་ཡག་པོ་བྱུང་ཡོད་པ་རེད།
         ཨེ་ཅིབ་དང་ཀྲུང་གོའི་དབར་མཛའ་གྲོགས་འབྲེལ་བ་བྱུང་བའི་ཁུངས་དེ་ལོ་2000ལྷག་ཙམ་གོང་དུ་གཏུག་མཆོག་ཅིང་། གནའ་བོའི་དར་གོས་ལམ་བུ་དེས་རྒྱལ་ཁབ་གཉིས་པོ་གཅིག་ཏུ་མཐུད་ཡོད། ཕྱི་འབྲེལ་བཙུགས་ནས་ལོ་60ཡི་རིང་ཨེ་ཀྲུང་གིས་ད་བར་དུ་ཕན་ཚུན་རྒྱབ་སྐྱོར་དང་། ཕན་ཚུན་བརྩི་འཇོག ཕན་ཚུན་ཡིད་ཆེས་བཅས་བྱ་རྒྱུ་མཐའ་འཁྱོངས་བྱས་ཡོད། འདས་མ་ཐག་པའི་ལོ་གཉིས་པོ་དེ་ཨེ་ཀྲུང་རྒྱལ་ཁབ་གཉིས་ཀྱི་ངོས་ནས་བརྗོད་ན་དམིགས་བསལ་གྱི་དོན་སྙིང་སྔར་བས་ཆེན་པོ་ལྡན་པ་སྟེ། ཨེ་ཀྲུང་གིས་《རྒྱལ་ཁབ་གཉིས་པོའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བར་ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི་ཀྲུང་ཨེའི་ལོ་ལྔའི་ལག་བསྟར་རྩ་གནད་》ཁྱབ་བསྒྲགས་བྱས་པ་དང་། གློག་ཤུགས་དང་། རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན། དཔལ་འབྱོར་ཚོང་དོན། ནུས་རྒྱུ། དངུལ་རྩ། མཁའ་སྐྱོད་དང་འཇིག་རྟེན་འཕུར་སྐྱོད། རིག་གནས། གསར་འགྱུར། ཚན་རྩལ། གནམ་གཤིས་འགྱུར་ལྡོག་སོགས་ཁྱབ་ཁོངས་ནང་གི་ཕྱོགས་གཉིས་ཀྱི་མཉམ་ལས་ཡིག་ཆ་མང་པོ་ཞིག་ཐོག་མིང་རྟགས་བཀོད་པ། ཀྲུང་ཨེའི་སུའུ་དབྱི་ཧྲེ་དཔལ་འབྱོར་ཚོང་དོན་མཉམ་ལས་ཁུལ་གྱི་དུས་ཐེངས་གཉིས་པའི་འཛུགས་སྐྲུན་བྱེད་འགོ་བརྩམས་པ་བཅས་ལས་རྒྱལ་ཁབ་གཉིས་པོའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བར་རིན་ཐང་ལྡན་ཚད་མཐོ་རུ་སོང་ཡོད་པ་རེད། རྒྱལ་ཁབ་གཉིས་པོའི་འགོ་ཁྲིད་ཕན་ཚུན་འཚམས་འདྲིར་ཡང་ཡང་ཕེབས་ཤིང་། ཙུང་ཐུང་སའེ་ཤིས་དེ་གོང་ཀྲུང་གོར་འཚམས་འདྲིར་ཐེངས་གཉིས་ཕེབས་པ་དང་འདི་ལོའི་ཟླ་བ་དགུ་པར་སླར་ཡང་ཀྲུང་གོར་ཕེབས་ནས་རྒྱལ་ཁབ་ཉིས་ཤུ་ཚོགས་པའི་ཧང་ཀྲོའུ་དབུ་ཚོགས་སུ་ཞུགས་རྒྱུ་རེད། མཛའ་གྲོགས་འབྲེལ་བ་དེ་ལྟ་བུ་ལས་ཁྱབ་ཁོངས་ཁག་གི་རྒྱལ་ཁབ་གཉིས་པོའི་མཉམ་ལས་ལ་སྐུལ་འདེད་ཐེབས་ཡོད་པ་རེད།
         ཀྲུང་གོས་བཏོན་པའི“རྒྱུད་གཅིག་ལམ་གཅིག”གི་གྲོས་འགོ་དེ་གལ་འགངས་ཤིན་ཏུ་ཆེན་པོ་ཞིག་ཡིན་པ་དང་དེས་རྒྱལ་ཁབ་གཉིས་པོ་འཕེལ་རྒྱས་ལ་གོ་སྐབས་ཡག་པོ་ཞིག་སྦྱིན་ཡོད། ཨེ་ཅིབ་ཀྱི“སུའུ་དབྱི་ཧྲེ་མི་བཟོས་གཙང་པོའི་བར་ཁྱམས་གསར་པ”ཡི་གསར་སྤེལ་ལས་གྲྭ་དང“རྒྱུད་གཅིག་ལམ་གཅིག”གི་འཛུགས་སྐྲུན་གཉིས་འཚམ་མཐུན་ཆེན་པོ་བྱུང་བར་བརྟེན་ཕྱོགས་གཉིས་པོས་《དར་གོས་ལམ་བུའི་དཔལ་འབྱོར་ཁུལ་དང་དུས་རབས་ཉེར་གཅིག་པའི་མཚོ་ཐོག་དར་གོས་ལམ་བུ་འཛུགས་སྐྲུན་ལ་ཐུན་མོང་ཐོག་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་ཀྲུང་ཨེའི་བསམ་ཤེས་དྲན་ཐོ་》ཡི་ཐོག་མིང་རྟགས་བཀོད་ཅིང་། “རྒྱུད་གཅིག་ལམ་གཅིག”གི་སྒྲོམ་གཞིའི་འོག་ཨེ་ཀྲུང་གི་མཉམ་ལས་རྣམ་གྲངས་མང་པོ་ཞིག་ལ་སྐུལ་འདེད་གཏོང་བཞིན་ཡོད། མིག་སྔར་ཨེ་ཅིབ་ཏུ་ཀྲུང་གོའི་ཀུང་སིས་གཙོ་ཁྲིད་བྱས་ནས་འཛུགས་སྐྲུན་བྱེད་པའི་ལས་གྲྭ་ཆེ་རིགས་མང་པོ་ཞིག་འཛུགས་སྐྲུན་བྱེད་བཞིན་ཡོད་པ་དང“སུའུ་དབྱི་ཧྲེ་མི་བཟོས་གཙང་པོའི་བར་ཁྱམས”སོགས་འཛུགས་སྐྲུན་ལས་གྲྭ་ཆེ་རིགས་ཚང་མ་ལས་འགོ་ཚུགས་ཡོད། ཨེ་ཅིབ་ཀྱིས་ཀྲུང་གོ་དང་མཉམ་དུ་བཟོ་ལས་དང་བཟོ་སྐྲུན་ལས་རིགས་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཤུགས་སྣོན་རྒྱག་འདོད་ཡོད་ལ་ཨེ་ཅིབ་ཀྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ནང་ཀྲུང་གོ་མུ་མཐུད་ཞུགས་རྒྱུའི་རེ་བའང་བྱེད་བཞིན་ཡོད། སྲོལ་གཏོད་ཁོངས་མིའི་ཐོག་ནས་ཨེ་ཅིབ་ཀྱིས་ཀྲུང་གོས་གྲོས་འགོ་བཏོན་ནས་བཙུགས་པའི་ཨེ་ཤེ་ཡ་མ་འཇོག་དངུལ་ཁང་ནང་ཞུགས་པ་དང་ཆབས་ཅིག་འབོ་གསེར་རྒྱལ་ཁབ་ཀྱི་གསར་སྤེལ་དངུལ་ཁང་ནང་དུའང་ཞུགས་ཡོད་པ་རེད།
         ཀྲུང་གོ་གུང་ཁྲན་ཏང་གིས་ཀྲུང་གོ་མི་དམངས་ཀྱི་སྣེ་ཁྲིད་དེ་མཐུན་སྒྲིལ་འབད་འཐབ་བྱས་པ་བརྒྱུད་ཀྲུང་གོ་གསར་པ་འཛུགས་སྐྲུན་ལ་སྐྱེ་བོ་ཀུན་གྱིས་དོ་སྣང་ཆེན་པོ་བྱེད་པའི་གྲུབ་འབྲས་ཐོབ་པ་དང་། དུས་ཐུང་ལོ་30ལྷག་ཙམ་ནང་ཀྲུང་གོ་འདི་ཉིད་དབུལ་སྒྲོལ་ཐུབ་ནས་འཛམ་གླིང་གི་དཔལ་འབྱོར་དངོས་ཚན་ཨང་གཉིས་པར་གྱུར་པ། མིའི་རིགས་ཀྱི་སྤྱི་ཚོགས་འཕེལ་རྒྱས་ལོ་རྒྱུས་ཐོག་ངོ་མཚར་ཆེ་བའི་བྱས་རྗེས་ཆེན་པོ་བཞག་ཡོད། ཀྲུང་གོའི་ཉམས་མྱོང་མང་པོ་ཞིག་ནི་དཔེ་ལྟ་འོས་པ་ཞིག་རེད་ལ་སློབ་སྦྱོང་བྱེད་འོས་པ་ཞིག་ཀྱང་རེད།
         ད་ཆ་འཛམ་གླིང་གི་དཔལ་འབྱོར་སླར་གསོ་ཡོང་ཤུགས་ཆུང་བ་དང་ཀྲུང་གོའི་དཔལ་འབྱོར་འཕར་ཤུགས་ཅུང་ཆུང་དུ་སོང་ནའང་གྲུབ་ཆའི་རང་བཞིན་གྱི་སྒྱུར་བཅོས་བྱེད་པའི་ཀྲུང་གོར་ཆ་མཚོན་ན་དེ་ནི་རྒྱུན་ལྡན་གྱི་སྣང་ཚུལ་ཞིག་རེད། ང་ཚོས་ཀྲུང་གོར་དོ་ཁུར་བྱེད་ཀྱི་ཡོད་ལ་ཀྲུང་གོ་འཕེལ་རྒྱས་བྱུང་བའི་ཤུགས་རྐྱེན་དེ་ཨེ་ཅིབ་དང་འཛམ་གླིང་རྒྱལ་ཁབ་གཞན་དག་ལ་ཐེབས་རྒྱུ་རེད།
      

    ཕྱོགས་བསྡུས་གསར་འགྱུར།