འཚོལ་བཤེར།   
藏文频道
2016ལོའི་ཟླ་8ཚེས་22ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་ནུབ་རྒྱུད་ཀྱི"གནས་རིའི་ས་ཚིགས"གཞིས་རྩེའི་འབྲོང་པ་རྫོང་གི་བར་ཡངས་གྲོང་རྡལ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 08ཚེས་22ཉིན། 08:44】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         འབྲོང་པ་རྫོང་བར་ཡངས་གྲོང་རྡལ་ནི་གངས་རིན་པོ་ཆེ་དང་མ་ཕམ་གཡུ་མཚོར་སྐྱོད་སྐབས་ངེས་པར་བརྒྱུད་དགོས་པའི་ས་ཆ་ཞིག་ཡིན། ཤོད་རྒྱུན་ལ། གེ་སར་རྒྱལ་པོས་དམག་ཁྲིད་ནས་དེ་གར་གཡུལ་འགྱེད་བྱེད་སྐབས་ས་ཆ་རྒྱ་ཆེན་པོ་མཐོང་ནས་དེར་སྒར་བཏབ་སྟེ་བཞུགས་པས་བར་ཡངས་ཞེས་པའི་མིང་ཐོབ་པར་གྲགས།
         བར་ཡངས་གྲོང་རྡལ་ནི་གཞིས་རྩེའི་ནུབ་སྒོ་ཆེ་མོ་ཡིན་པས། དེའི་དམིགས་བསལ་གྱི་ས་གཤིས་ཆ་རྐྱེན་དང་། རང་བྱུང་དང་མི་གཤིས་ཀྱི་རྣམ་པ་དང་དེ་བཞིན་ཇེ་ལེགས་སུ་འགྲོ་བའི་སྒྲིག་བཀོད་ཀྱིས་རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་བ་དེར་འགྲོ་ཡུལ་དང་། ཚ་ཕོག་རྒྱག་ཡུལ། ཞག་སྡོད་བྱ་ཡུལ་དུ་གྱུར་ཡོད།
         དེའི་གཞན་ན་མེད་པའི་ས་གཤིས་ཀྱི་ལེགས་ཆའི་དབང་གིས་རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་བས“མཁའ་ལམ”གྱི་རྒྱལ་ལམ་219ཡི་རྫོགས་ལྡན་ལམ་དུ་འབོད་པའི་དུམ་བུའི་འབྱེད་མཚམས་དེ་འབྲོང་པ་རྫོང་བར་ཡངས་གྲོང་རྡལ་གྱི་ལྟེ་བར་འཁེལ་ལ། མངའ་རིས་དང་གཙང་གི་མཛེས་ལྗོངས་ཁུལ་གཙོ་བོར་སྐྱོད་སྐབས་ངེས་པར་བརྒྱུད་དགོས་ཀྱི་ཡོད་སྟབས་དེའི་ཕན་པ་བར་ཡངས་གྲོང་རྡལ་གྱིས་གཙོས་པའི་སྐེད་ལག་དང་། ཧོར་པ། ཕན་ཕྱི། ནག་ཆུ་བཅས་ཤང་བཞི་ལ་ཁྱབ་ཡོད།
         ས་མཐོའི་ཁྱད་ཆོས་ལྡན་པའི་གྲོང་རྡལ་ཆུང་ངུ་བསྐྲུན་ཆེད།
         པའོ་ཀང་ལྕགས་དང་ངར་ལྕགས་ཚོགས་པའི་བོད་སྐྱོར་ལས་བྱེད་པས་བརྟག་དཔྱད་གང་ལེགས་བྱས་པའི་རྨང་གཞིའི་ཁར་འབྲོང་པ་རྫོང་ལ་དེང་རབས་འབྲོག་ཁུལ་གྲོང་རྡལ་ཆུང་ངུ་བསྐྲུན་པའི་གཞི་རྩའི་བསམ་ཕྱོགས་དང་། ལས་ཀ་བྱེད་སྟངས། སྐུལ་སྤེལ་བྱ་ཐབས་ཏེ། དམིགས་ཚད་སྣེ་ཁྲིད་དང་། འཆར་གཞི་སྔོན་བཀོད། ཐོན་ལས་འདེགས་སྐྱོར། རྣམ་གྲངས་སྐུལ་འདེད། མི་འབོར་འདུས་སྡོད། རིག་གནས་རིམ་སྤོར་བྱ་རྒྱུ་བཏོན་ཡོད།
         ལོ་འགའི་ནང་། འབྲོང་པ་རྫོང་གིས་པའོ་ཀང་ལྕགས་དང་ངར་ལྕགས་ཚོགས་པའི་བོད་སྐྱོར་གྱི་ལེགས་ཆ་གང་སྤྱད་ནས་སྟོབས་ཤུགས་གཅིག་འགྲིལ་གྱིས་དོན་ཆེན་བསྒྲུབ་རྒྱུའི་རྩ་དོན་ལ་གཞིགས་ཏེ། མ་དངུལ་སྒོར་ཁྲི་2500བཏང་ནས“གྲོང་རྡལ་ཆུང་ངུའི་གཏམ་རྒྱུད”རིག་གནས་ཡུལ་སྐོར་ཕྱོགས་བསྡུས་གྲུབ་གཞི་འཛུགས་སྐྱོང་ལ་སྐུལ་མ་ཤུགས་ཆེན་བཏང་ཡོད། དེ་ནི་ཡུལ་སྐོར་བའི་འདོད་པ་སྐོང་རྒྱུ་ནས་འགོ་བརྩམས་ཏེ་རིག་གནས་འཕེལ་རྒྱས་གཏོང་བ་དང་ཡུལ་སྐོར་ཐོན་ལས་འདེགས་སྐྱོར་བྱ་གཞིར་བརྩིས་ནས་ཞག་སྡོད་དང་། བཟའ་འཐུང་། རིག་རྩལ་འཁྲབ་སྟོན། མི་རིགས་ལག་ཤེས་བཟོ་རྩལ་ཐོན་ཟོག་དང་ཁྱད་ལྡན་འབྲོག་ལས་ཐོན་ཟོག་བྲིན་ཚོང་། མཐའ་མཚམས་ཁྲོམ་ར། སྒེར་འཁོར་བཏང་ནས་ཡུལ་སྐོར་བྱ་ཡུལ་བཅས་གཅིག་ཏུ་འདུས་པའི་ཕྱོགས་བསྡུས་འདུ་འགོད་ཅིག་ཡིན་པ་རེད།
         དབྱང་ཆན་ཝུའེ་ཡིས་ངོ་སྤྲོད་བྱས་དོན། རིག་གནས་ཡུལ་སྐོར་ཕྱོགས་བསྡུས་གྲུབ་གཞིའི་ནང་གཙོ་བོ་ནུས་པའི་ཞབས་ཞུ་ཁུལ་གསུམ་འདུས་པ་སྟེ། “གནས་རིའི་ས་ཚིགས”བརྗོད་དོན་གཙོ་བོར་བྱས་པའི་གསོལ་མགྲོན་ཁང་བརྒྱབ་སྟེ་བཟའ་འཐུང་དང་། ཞག་སྡོད། ཉོ་སྒྲུབ། འཁྲབ་སྟོན་རོལ་རྩེད། ཚོགས་འདུ། འཕྲོད་སྦྱོར་སོགས་ཀྱི་ཞབས་ཞུ་སྒྲུབ་པ་དང་། མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་རིག་གནས་ཐང་ཆེན་ནང་། གནས་རྟགས་དང་། ཡུལ་སྐོར་ཕྱོགས་སྟོན་བྱང་བུ། འཁྲབ་སྟོན་བྱ་ཡུལ། དམངས་སྲོལ་འགྲེམས་སྟོན་ཁང་། ལྟ་སྐོར་ལས་སྟེགས། བསྟི་གནས། རླངས་འཁོར་འཇོག་ས། རླངས་འཁོར་བཟོ་ས་སོགས་ཡོད། མཐའ་མཚམས་ཉོ་ཚོང་ཁྲོམ་ར་དང་། སྒེར་འཁོར་བཏང་ནས་ཡུལ་སྐོར་བྱ་ཡུལ། མི་རིགས་ལག་ཤེས་བཟོ་རྩལ་ལས་སྣོན་ལྟ་ཁང་བརྒྱབ་ནས་ཉེ་འཁོར་གྱི་རང་བྱུང་ཡུལ་ལྗོངས་དང་གཞི་གཅིག་ཏུ་འདྲེས་པར་བྱས་ཏེ་བརྗོད་དོན་གཙོ་བོའི་སྐྱེད་ཚལ་དང་གཅན་གཟན་གླིང་སོགས་ཆ་ལག་ཚང་བ་ཡོད་པར་བྱས་ཡོད།
         གོང་གསལ་གྱི་རྨང་གཞིའི་ཐོག་འབྲོང་པ་རྫོང་གིས་རིག་གནས་ཡུལ་སྐོར་གཉེར་སྐྱོང་གི་ལས་སྟེགས་བརྒྱུད་བར་ཡངས་གྲོང་རྡལ་གྱི་ཡུལ་སྐོར་ཕྱོགས་བསྡུས་གྲུབ་གཞིས་གཙོ་བོར་བྱས་ནས་འབྲོག་པའི་མགྲོན་ཁང་དང་ཁྱིམ་ཚང་མགྲོན་ཁང་བསྡུ་སྒྲིལ་ཐོག“ཐོན་ཁུངས་བསྡུ་སྒྲིལ་དང་། དོ་དམ་གཅིག་གྱུར། མུ་འབྲེལ་གཉེར་སྐྱོང་། རིམ་དབྱེ་དཔྱད་འདེམས་བྱེད་པའི”གཉེར་སྐྱོང་དོ་དམ་བྱེད་སྟངས་བཙུགས་ཡོད།
         ཤེས་རྟོགས་བྱུང་བར་གཞིགས་ན། བར་ཡངས་གྲོང་རྡལ་གྱིས་རིག་གནས་ཡུལ་སྐོར་ཕྱོགས་བསྡུས་གྲུབ་གཞིས་གྲོང་རྡལ་ཆུང་ངུ་བསྐྲུན་རྒྱུར་སྐུལ་མ་བཏང་སྟེ། ཕྱོགས་གཉིས་ནས་ཕན་ཚུན་གསབ་རེས་དང་གཅིག་ལ་གཅིག་རྟེན་གྱིས་མི་ཚོགས་དང་། འཛད་སྤྱོད། ཞབས་ཞུ། ཐོན་ལས་བཅས་སྡུད་པའི་གྲོང་རྡལ་ཆུང་ངུ་བསྐྲུན་རྒྱུས་རྒྱུན་སྲིང་འཕེལ་རྒྱས་ལ་སྒུལ་ཤུགས་བསྣན་ཏེ་ཞིང་འབྲོག་ཁུལ་གྱི་གྲོང་རྡལ་ཆུང་ངུ་གསར་པ་བསྐྲུན་པའི་ཐབས་ལམ་གསར་པ་འཚོལ་བཞིན་ཡོད་པ་རེད།
         ད་ཆ་བར་ཡངས་གྲོང་རྡལ་ཁོངས་ལ་རྒྱུན་སྡོད་མི་འབོར་7560དང་གཞི་ཁྱོན་ལྡན་པའི་ཚོང་དུད་200ལྷག་ཙམ་ཡོད། 2015ལོར་ཡུལ་སྐོར་བ་མི་ཐེངས་ཁྲི་6ལྷག་ཙམ་ལ་སྣེ་ལེན་ཞུས་པར་ཡུལ་སྐོར་ཡོང་འབབ་སྒོར་ཁྲི་500ཡན་ཟིན་པ་དེ་2013ལོ་ལས་500%འཕར་བས་འདི་ལོར་སྒོར་ཁྲི་600ལྷག་ཙམ་ཟིན་བཟོ་ཡོད། བར་ཡངས་གྲོང་རྡལ་དེ་རིམ་བཞིན་འབྲོང་པ་རྫོང་གི་ཟོག་འགྲེམས་ལྟེ་གནས་དང་། ཡུལ་སྐོར་འདུ་འགྲེམས་ལྟེ་གནས། འབྲོང་པ་དང་ནེ་པ་ལའི་མཐའ་མཚམས་ཉོ་ཚོང་ཁྲོམ་རའི་ལྟེ་གནས་སུ་འགྱུར་བཞིན་ཡོད།
        ད་ཆ་བར་ཡངས་གྲོང་རྡལ་དེ་དེང་རབས་འབྲོག་ཁུལ་གྱི་གྲོང་རྡལ་ཆུང་ངུ་གསར་པའི་གཞི་ཁྱོན་རགས་ཙམ་ཆགས་པའི་ཆ་ནས་རྨང་གཞིའི་སྒྲིག་བཀོད་ཀྱང་ཟམ་མི་ཆད་པར་ལེགས་སུ་འགྲོ་བཞིན་ཡོད། པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་ཨེར་ཏེ་ནི་ཆོས་ཀྱི་རྒྱལ་པོས་བར་ཡངས་འཕེལ་རྒྱས་འགྲོ་རྒྱུར་ཐུགས་སྣང་ཆེན་པོ་གནང་ནས“གནས་རིའི་ས་ཚིགས”ཞེས་པ་ཕྱག་བྲིས་ཕྱག་བསྟར་མ་གནང་བས་དེའི་སྙན་པ་གང་སར་ཆེས་ཆེར་ཁྱབ་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།