འཚོལ་བཤེར།   
藏文频道
2016ལོའི་ཟླ་8ཚེས་22ཉིན།
  • མི་དམངས་དྲ་བ།

    ༄༅།།སི་ཁྲོན་དཀར་མཛེས་ཀྲོའུ་མི་རིགས་རྟེན་རྫས་བཤམས་མཛོད་ཁང་སྒོ་ཕྱེ་ནས་རྩ་ཆེའི་རིག་
    དངོས་ཆིག་སྟོང་ལྷག་ཙམ་སྐྱེ་བོའི་མིག་ལམ་དུ་བཤམས་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 08ཚེས་22ཉིན། 08:54】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། ཉེ་ཆར་དར་རྩེ་མདོ་གྲོང་ཁྱེར་དུ་ཡོད་པའི་སི་ཁྲོན་ཞིང་ཆེན་དཀར་མཛེས་བོད་རིགས་རང་སྐྱོང་ཀྲོའུ་མི་རིགས་རྟེན་རྫས་བཤམས་མཛོད་ཁང་གི་སྒོ་ཐོག་མར་ཕྱེ་ཞིང་། སི་ཁྲོན་ནུབ་རྒྱུད་ཀྱི་སྤྱི་ལེ་ངོས་གྲུ་ཁྲི་15ཟིན་པའི་ས་ནས་ཐོན་པའི་རྩ་ཆེའི་རིག་དངོས་ཆིག་སྟོང་ལྷག་ཙམ་སྐྱེ་བོའི་མིག་ལམ་དུ་བཤམས་ཡོད།
         རྟེན་རྫས་བཤམས་མཛོད་ཁང་ཐོག་སོ་གསུམ་ལྡན་ཡིན་པའི་ནང་འགྲེམས་སྟོན་ཁང་གི་རྒྱ་ཁྱོན་སྨི་ངོས་གྲུ་5000ཙམ་ཟིན་ཡོད། གཏན་འཇགས་འགྲེམས་སྟོན་ཁང་ནང་དཀར་མཛེས་ཀྲོའུ་ཡི་རང་བྱུང་ཐོན་ཁུངས་དང་། ལོ་རྒྱུས་རྗེས་ཤུལ། ཡུལ་སྲོལ་རིག་གནས། དམར་དམག་གི་རིག་དངོས་དང་ལོ་རྒྱུས་བཅས་ཁག་བཞིར་དབྱེ་ཞིང་། བསྡོམས་རྩིས་ལ་གཞིགས་ན། འགྲེམས་སྟོན་ཁང་ནང་འགྲེམས་རྫས་1446ཡོད་པའི་ཁྲོད་རྒྱལ་ཁབ་ཀྱི་རིམ་པ་དང་པོའི་རིག་དངོས་10དང་། གཉིས་པའི་རིག་དངོས་22 གསུམ་པའི་རིག་དངོས་683བཅས་ཡོད་པ་རེད།
         སི་ཁྲོན་དཀར་མཛེས་ཀྲོའུ་མི་རིགས་རྟེན་རྫས་བཤམས་མཛོད་ཁང་སྒོ་ཕྱེ་བ་ནི་ཁམས་པའི་སྒྱུ་རྩལ་དུས་ཆེན་སྐབས་དགུ་པའི་བྱེད་སྒོའི་ནང་དོན་གྲས་ཡིན། ཚེས་9ཉིན་སི་ཁྲོན་དང་། མཚོ་སྔོན། ཡུན་ནན། བོད་ལྗོངས་དང་ས་འབྲེལ་བོད་རིགས་ས་ཁུལ་བཅས་ཀྱིས་མཉམ་དུ་གཉེར་བའི་ཁམས་པའི་སྒྱུ་རྩལ་དུས་ཆེན་སྐབས་དགུ་པ་དངོས་སུ་འགོ་ཚུགས་པ་དང་། ཁམས་ཀྱི་ཞབས་བྲོ་དང་། གླུ་གཞས། གཞས་མ་གཏམ། གློག་བརྙན་བརྙན་འཕྲིན་བཅས་ཀྱི་ལེ་ཚན་འགྲན་བསྡུར་དང་། རིག་གནས་སྒྱུ་རྩལ་འགྲེམས་སྟོན། རིག་གནས་དམངས་ཕན་གྱི་འཁྲབ་སྟོན་སོགས་གཙོ་བོར་བྱ་རྒྱུ་ཡིན་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།