འཚོལ་བཤེར།   
藏文频道
2016ལོའི་ཟླ་8ཚེས་22ཉིན།
  • མི་དམངས་དྲ་བ།

    ༄༅།།ཡུལ་ཤུལ་གྱི་བོད་རིགས་སློབ་མས་ང་ཚོས་པེ་ཅིང་ནམ་ཡང་བརྗེད་མི་སྲིད་ཅེས་བཤད་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 08ཚེས་22ཉིན། 08:43】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། ཀྲུང་གོ་གཞོན་ནུའི་དྲ་ཐོག་ཚགས་པར་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། “ཡུལ་ཤུལ་དུ་ཐོན་པའི་གེགས་བར་དེས་ང་ཚོའི་ཕ་ཡུལ་མེད་པ་བཟོས་སོང་ལ། ང་ཚོའི་ཁྱིམ་གཞིས་ཀྱང་མེད་པ་བཟོས་སོང་། སྐབས་དེ་དུས་པེ་ཅིང་གྲོང་ཁྱེར་ཧའེ་ཏན་ཕྱི་རྒྱལ་སྐད་ཡིག་ཚོད་ལྟའི་སློབ་གྲྭས་ང་ཚོར་ཁྱིམ་ཞིག་གནང་བྱུང་། ལྷག་པར་དུ་འཕྲལ་མར་གཅེས་སེམས་སྐྱེས་སུ་འབུལ་བའི་འབོད་སྐུལ་ཐོག་མ་གནང་སོང་། དེ་རིང་ང་དང་ངའི་གྲོགས་པོ་ཚོས་བཀའ་དྲིན་ཚོར་བཞིན་དུ་ང་ཚོ་ལོ་དྲུག་འཚོ་གནས་བྱས་པའི་ཡུལ་དེར་སླར་ཡང་སླེབས་བྱུང”ཞེས་པེ་ཅིང་གྲོང་ཁྱེར་ཧའེ་ཏན་ཕྱི་རྒྱལ་སྐད་ཡིག་ཚོད་ལྟའི་སློབ་གྲྭས་གཉེར་བའི་སློབ་ཆུང་སློབ་ཐོན་མཛད་སྒོའི་ཐོག་མཚོ་སྔོན་ཡུལ་ཤུལ་ས་ཁུལ་ནས་ཡོང་བའི་བོད་རིགས་སློབ་མ་བདེ་ཆེན་དཀར་མོས་དེ་ལྟར་བཤད་པ་རེད།
         2010ལོའི་ཟླ་དགུ་པར། གེགས་བར་ནང་ཁྱིམ་ཚང་མེད་པར་གྱུར་བའི་ཡུལ་ཤུལ་ས་ཁུལ་གྱི་བོད་རིགས་དྭ་ཕྲུག་22ཧའེ་ཏན་ཕྱི་རྒྱལ་སྐད་ཡིག་ལོ་རིམ་དང་པོའི་ནང་ཉར་བ་དང་། སློབ་གྲྭས་ཐོག་མའི་ལོ་གཉིས་རིང་ཡུལ་ཤུལ་སློབ་མར་དམིགས་སུ་འཛིན་གྲྭ་ཞིག་བཙུགས་ཏེ་ཡུལ་ཤུལ་གྱི་ཕྲུ་གུ་ཚོས་པེ་ཅིང་གི་འཚོ་བ་རིམ་བཞིན་གོམས་པ་བྱ་རྒྱུའི་ཐད་ཧུར་ཐག་གཞོལ། ལོ་གསུམ་པར་ཕྲུ་གུ་ཚོ་གཅིག་མཇུག་གཉིས་མཐུད་ངང་ལོ་དང་མཐུན་པའི་འཛིན་གྲྭར་བཀོད་སྒྲིག་བྱས་ཏེ་ཕྲུ་གུ་ཚོ་སློབ་མའི་མཉམ་སྡེབ་འཚོ་བར་གོམས་ཐུབ་པ་བྱས་ཡོད། ལོ་དྲུག་རིང་འཛིན་གྲྭའི་ཀྲུའུ་རེན་དང་འཚོ་བའི་དགེ་རྒན་འགྱུར་ལྡོག་མ་བཏང་བར་སློབ་མ་ཚོའི་སློབ་སྦྱོང་དང་འཚོ་བར་ལྟ་རྟོག་བྱས་ཡོད།
         ཡུལ་ཤུལ་གྱི་སློབ་མ་དེ་དག་དང་ལོ་རིམ་གཅིག་པའི་ཕྱོགས་བསྡུས་བྱང་ཚད་འཛིན་གྲྭའི་སློབ་མའི་སློབ་ཚན་ཐད་དབྱེ་བ་གང་ཡང་མེད་པར་གཅིག་མཚུངས་སློབ་གཞི་སློབ་ཁྲིད་བྱེད་ཀྱི་ཡོད། དེའི་ནང་རྒྱལ་ཁབ་ཀྱི་སློབ་ཚན་དང་། ཕྱི་རྒྱལ་དགེ་རྒན་གྱི་དབྱིན་སྐད་སློབ་ཚན། སློབ་ཆུང་གི་ཨང་རྩིས་ཀྱི་བསམ་བློ་སྦྱོང་གཏོང་སྟངས་བརྡར་སོགས་ཚུད་ཡོད།
         ཡུལ་ཤུལ་གྱི་སློབ་མས་ད་དུང་ཕྱོགས་བསྡུས་བྱང་ཚད་འཛིན་གྲྭའི་སློབ་མ་ལྟར་ལུས་རྩལ་སློབ་ཚན་ཁག་གཉིས་དང་སྒྱུ་རྩལ་སློབ་ཚན་ཁག་གཉིས་ཀྱི་སློབ་ཚན་2+2སློབ་སྦྱོང་བྱེད་ཀྱི་ཡོད། དེའི་ནང་། ཀང་ཆིང་དང་ཆུ་རྐྱལ་ནི་ངེས་པར་དུ་སྦྱོང་དགོས་པའི་སློབ་ཚན་ཡིན། དེ་མིན་ད་དུང་ཞབས་བྲོ་དང་། རི་མོ། རྫ་བཟོ། ཆ་འཕྲིན། ཐའེ་ཆོན་དྲག་རྩལ་སོགས་ཡོད། སློབ་གྲྭས་ད་དུང་ཕྲུ་གུ་ཚོ་སློབ་གྲྭའི་རྔ་དུང་རུ་ཁག་དང་མཉམ་གཏོང་གླུ་གཞས་རུ་ཁག་ནང་ཞུགས་རྒྱུའི་སྐུལ་མ་བཏང་ཡོད། དེའི་ནང་མཉམ་གཏོང་གླུ་གཞས་ལ་པེ་ཅིང་གྲོང་ཁྱེར་སློབ་མའི་སྒྱུ་རྩལ་དུས་ཆེན་སྐབས་བཅོ་ལྔའི་ཐོག་བྱ་དགའ་ཨང་དང་པོ་ཐོབ་པ་རེད།
         སློབ་གྲྭས་ད་དུང་བོད་ཡིག་དགེ་རྒན་དང་བོད་རིགས་ཀྱི་ཞབས་བྲོའི་དགེ་རྒན་ཆེད་མངགས་གདན་དྲངས་ནས་ཡུལ་ཤུལ་གྱི་ཕྲུ་གུ་ཚོར་རང་མི་རིགས་ཀྱི་རིག་གནས་རྒྱུན་འཛིན་བྱེད་དུ་བཅུག་པ་དང་དར་སྤེལ་གཏོང་དུ་བཅུག་ཡོད།
         སློབ་མ་ཚོ་སློབ་སྦྱོང་ཐད་རྗེས་ལུས་མི་ཐེབས་པ་བྱ་ཆེད། ཡུལ་ཤུལ་སློབ་མས“ཚོགས་ཆུང་མཉམ་ལས”ངང་སློབ་སྦྱོང་བྱ་རྒྱུ་དེ་རྒྱུན་སྤྱོད་སློབ་སྦྱོང་བྱེད་སྟངས་ཞིག་ཏུ་འགྱུར། དགེ་རྒན་ཚོས་སློབ་གསེང་དུས་ཚོད་སྤྱད་དེ་སློབ་མ་འགའ་རེར་ཟུར་ཁྲིད་བྱེད་པ་དང་འབྲེལ་རོགས་རེས་ཚོགས་ཆུང་སྒྲིག་འཛུགས་བྱས་ཏེ་སློབ་མ་དབར་རོགས་རམ་བྱེད་རེས་བྱས་པ་རེད།
         ལོ་དྲུག་རིང་། སློབ་གྲྭས་ཆེད་མངགས་འཚོ་བའི་དགེ་རྒན་བཀོད་སྒྲིག་བྱས་ཏེ་ཡུལ་ཤུལ་གྱི་ཕྲུ་གུ་ཚོའི་འཚོ་བར་ལྟ་རྟོག་བྱས་ཡོད། སློབ་གྲྭར་དཔྱིད་གསར་དུས་ཆེན་དང་པོ་གཏོང་སྐབས་ཏུང་ཧྲི་ཀྲང་དང་སློབ་གྲྭ་ཡོངས་ཀྱི་འགོ་ཁྲིད་ཀྱི་ལྟ་རྟོག་འོག་བཏང་བ་དང་། དགེ་རྒན་དང་ཕྲུ་གུ་ཚོས་མཉམ་དུ་ཅའོ་ཙེ་སྒྲིལ་བ། འཚོ་བའི་དགེ་རྒན་ལིའུ་ལགས་ཀྱི་ནང་མི་གསུམ་པོ་སློབ་གྲྭར་སྤོས་ནས་ཕྲུ་གུ་ཚོ་དང་མཉམ་དུ་དགུན་གསེང་གཏོང་བ་བཅས་བྱས་པ་རེད།
         ལོ་དྲུག་ནང་། ཡུལ་ཤུལ་གྱི་ཕྲུ་གུ་ཚོར་ཀྲུང་ཧྭ་བྱིས་པའི་དགེ་སྒྲུབ་ཚོགས་པ་དང་། དགེ་རྒན། ཁྱིམ་བདག སློབ་གྲོགས་བཅས་དང་དེ་བཞིན་སྤྱི་ཚོགས་ལས་རིགས་ཁག་གི་མི་སྣའི་དོ་ཁུར་ཐོབ་ཡོད། ཞལ་འདེབས་བརྒྱབ་པའི་དངོས་རྫས་ནང་འཚོ་བའི་མཁོ་ཆས་དང་། སློབ་སྦྱོང་མཁོ་ཆས། བྱ་སྤུའི་སྟོད་ཐུང་། དྲོད་སྲུང་ནང་གོས། རྐང་སུག སོ་སྨན་སོ་བཀྲུ དཔེ་དེབ་སོགས་ཚང་མ་ཡོད།
         ཧའེ་ཏན་ཕྱི་རྒྱལ་སྐད་ཡིག་ཚོད་ལྟའི་སློབ་གྲྭས་སྤྱི་ཚོགས་ཀྱི་ལག་ལེན་དངོས་དེ་སློབ་ཚན་ནང་བཅུག་པ་དང་ཀྲུང་ཧྭ་བྱིས་པའི་དགེ་སྒྲུབ་ཚོགས་པས་ཀྱང་ཡུལ་ཤུལ་གྱི་ཕྲུ་གུ་ཚོར་ཆེད་མངགས་སྤྱི་ཚོགས་ལག་ལེན་བཀོད་སྒྲིག་བྱས་ཡོད། ཡུལ་ཤུལ་གྱི་ཕྲུ་གུ་ཚོས་ཕྲུ་གུ་གཞན་དག་ལྟར་ཚན་རྩལ་ཁང་དང་། སྲོག་ཆགས་གླིང་། རླངས་འཁོར་རྟེན་རྫས་བཤམས་མཛོད་ཁང་། གློག་བརྙན་རྟེན་རྫས་བཤམས་མཛོད་ཁང་། འཇིག་རྟེན་འཕུར་སྐྱོད་ཚན་རྩལ་ཁྱབ་གདལ་སློབ་གསོའི་རྟེན་གཞི། མི་རིགས་གླིང་། རྒྱལ་ཁབ་ཟློས་གར་ཆེ་མོ་ཁང་། མི་དམངས་ཚོགས་ཁང་ཆེ་མོ་བཅས་སུ་ལྟ་སྐོར་བྱས་ཏེ་དབང་པོ་སྐྱོན་ཅན་གྱི་གཏམ་བཤད་མཁས་ཅན་ཉི་ཁེ་ཧུའུ་ཀྲེའི་གཏམ་བཤད་ཉན་པ་སོགས་བྱས་པ་རེད།
         ད་ཆ། ཧའེ་ཏན་ཕྱི་རྒྱལ་སྐད་ཡིག་སློབ་གྲྭར་ལོ་6སློབ་སྦྱོང་དང་འཚོ་བ་བསྐྱལ་མཐར་སློབ་མ་ཚོ་སློབ་གྲྭ་ཐོན་པ་རེད། སློབ་མ་6གིས་ཕུལ་བྱུང་གི་སྦྱངས་འབྲས་ཐོག་ནས་ཧའེ་ཏན་ཕྱི་རྒྱལ་སྐད་ཡིག་སློབ་འབྲིང་དུ་ཚུད་པ་དང་འབྲེལ། སློབ་གྲྭས་ཁོང་ཚོར་གྲངས་ཚང་གི་སློབ་སྐྱོར་རོགས་དངུལ་སྤྲད་དེ་ཁོང་ཚོའི་སློབ་སྦྱོང་དང་འཚོ་བའི་འགྲོ་གྲོན་ཚང་མ་འགན་འཁུར་ཡོད། ཞབས་བྲོར་དགའ་པོ་བྱེད་མཁན་སློབ་མ་7ཆེད་ལས་ཞབས་བྲོའི་སློབ་གྲྭས་བསྡུས་པ་དང་། སློབ་མ་6ཆེད་ལས་ལུས་རྩལ་ཁང་དུ་ལྗིད་འདེགས་དང་ཕིང་ཕང་སྤོ་ལོ་སློབ་བར་ཕྱིན་པ། ཤིས་མོ་ཟླ་བ་བདུན་པར་ཝུའུ་ཧན་དུ་གཉེར་བའི“རྒྱལ་ཡོངས་གཞོན་ནུ་ལོ་ཆུང་གི་ལྗིད་འདེགས་ལེགས་སྐྱེས་འགྲན་བསྡུར”ནང་ཞུགས་པ་རེད། སློབ་མ་1གིས་ལག་ཤེས་སྒྱུ་རྩལ་མཛེས་རིས་ཆེད་ལས་བདམས་པ་དང་སློབ་མ་1སློབ་འབྲིང་དཀྱུས་མའི་ནང་ཞུགས་པ་རེད། བདེ་ཆེན་དཀར་མོས་བོད་རིགས་སློབ་མ་22ཀྱི་ཚབ་བྱས་ནས“ངས་པེ་ཅིང་ནམ་ཡང་བརྗེད་མི་སྲིད། ང་ཚོའི་འབྱུང་འགྱུར་དེ་བས་ངོ་མཚར་ཆེན་པོ་ཡོང་བའི་ཡིད་ཆེས་ཡོད”ཅེས་བཤད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།