འཚོལ་བཤེར།   
藏文频道
2016ལོའི་ཟླ་8ཚེས་22ཉིན།
  • མི་དམངས་དྲ་བ།

    ༄༅།།སི་ཁྲོན་རྔ་པས་མངའ་ཁོངས་ནང་གི་གདོང་སྣ་གཙང་པོ་རྒྱུག་ཁུལ་གྱི་ཆུའི་སྣོད་བཅུད་ཕྱོགས་
    བསྡུས་བཅོས་སྐྱོང་གི་འགག་སྒྲོལ་དམག་འཐབ་བརྒྱབ་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 08ཚེས་22ཉིན། 08:53】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། ཉེ་ཆར་སི་ཁྲོན་རྔ་པ་ཀྲོའུ་ཡིས་གདོང་སྣ་གཙང་པོ་རྒྱུག་ཁུལ་གྱི་ཆུའི་སྣོད་བཅུད་ཕྱོགས་བསྡུས་བཅོས་སྐྱོང་སྐུལ་སློང་ཚོགས་འདུ་འཚོགས་ནས་ཞིང་ཆེན་ཡོངས་ཀྱི་སྔ་སྣུར་དུ་གདོང་སྣ་གཙང་པོ་རྒྱུག་ཁུལ་གྱི་ཆུའི་སྣོད་བཅུད་ཕྱོགས་བསྡུས་བཅོས་སྐྱོང་གི་འགག་སྒྲོལ་དམག་འཐབ་བརྒྱབ་པ་རེད། ཤེས་རྟོགས་བྱུང་བར་གཞིགས་ན། འདི་ལོ་ཚུན་དུ་རྔ་པ་ཀྲོའུ་ཡིས་《རྔ་པ་ཀྲོའུ་ཡི་གདོང་སྣ་གཙང་པོ་རྒྱུག་ཁུལ་གྱི་ཆུའི་སྣོད་བཅུད་ཕྱོགས་བསྡུས་བཅོས་སྐྱོང་གི་འཆར་འགོད་》བཟོས་ནས་ཆུའི་སྣོད་བཅུད་སླར་གསོ་གཙོ་བོར་བྱས་པའི་ལེ་ལག་ཚང་བའི་ལས་གྲྭ་དང་ལས་གྲྭ་མིན་པའི་བྱེད་ཐབས་དོན་འཁྱོལ་དང་། ཆུའི་སྣོད་བཅུད་འཛུགས་སྐྱོང་བྱེད་པའི་སྔོན་ཐོན་ཉམས་མྱོང་དང་ཐབས་ཤེས་འཚོལ་ཞིབ་བྱེད་པ། གདོང་སྣ་གཙང་པོ་ཆུང་དུ་འགྲོ་བའི་རྣམ་པ་རྦད་དེ་སེལ་བ་བཅས་བྱས་ཏེ་གདོང་སྣ་གཙང་པོ་རྒྱུག་ཁུལ་དེ་ཉིད་སྣོད་བཅུད་ཁྱམས་རིང་དང་། འཚོ་སྡོད་བྱ་རྒྱུར་འཚམ་པའི་ཁྱམས་རིང་། དམངས་ཕྱུག་ཁྱམས་རིང་བཅས་སུ་བསྐྲུན་རྒྱུ་རེད།
         གདོང་སྣ་གཙང་པོར་ཁྲེང་ཏུའུ་བདེ་ཐང་གི་མ་ཡུམ་གཙང་པོ་དང་ཚེ་སྲོག་གི་ཆུ་བོ་ཞེས་སུ་གྲགས། རྔ་པ་ཀྲོའུ་ཡི་མངའ་ཁོངས་སུ་གཙང་ཆུ་རྒྱུག་པའི་རིང་ཚད་ལ་སྤྱི་ལེ་341དང་རྒྱུག་ཁུལ་རྒྱ་ཁྱོན་སྤྱི་ལེ་ངོས་གྲུ་2.3ཟིན་གྱི་ཡོད། སྔོན་ཆད་ནགས་ཚལ་གཅོད་བྲེག་དང་དེ་བཞིན“5·12”དབུན་ཁྲོན་ས་ཡོམ་གནོད་འཚེ་ཆེན་པོའི་དབང་གིས་གདོང་སྣ་གཙང་པོ་རྒྱུག་ཁུལ་གྱི་ཆུའི་སྣོད་བཅུད་ཞན་དུ་ཕྱིན་ཡོད། དེར་བརྟེན་རྔ་པ་ཀྲོའུ་ཡིས་གདོང་སྣ་གཙང་པོ་རྒྱུག་ཁུལ་གྱི་ཆུའི་སྣོད་བཅུད་ཕྱོགས་བསྡུས་བཅོས་སྐྱོང་གི་སྣོད་བཅུད་འཛུགས་སྐྲུན་གྱི་གཙོ་གནད་འདུ་འགོད་ཆེ་གྲས་བཅུ་དང་། ལེ་ལག་ཚང་བའི་འདེགས་སྐྱོར་ལས་གྲྭ་ལྔ། ལམ་ལུགས་འཛུགས་སྐྲུན་གསུམ་བཅས་ཀྱི“10+5+3”ཀྱི་ལས་གྲྭའི་རྣམ་གྲངས་དང་མ་དངུལ་འཆར་འགོད་བྱས་པར་མ་དངུལ་སྒོར་དུང་ཕྱུར་30ལྷག་ཙམ་བཏང་ཡོད་པ་རེད། དེ་དང་དུས་མཚུངས་རྒྱུག་ཁུལ་ནང་གི་རྫོང་ཁག་ལ་སྔོན་དུ་ལག་བསྟར་དང་ཚོད་ལྟ་བྱ་རྒྱུར་སྐུལ་མ་བཏང་བ་རེད།
         འདི་ལོའི་ཟླ་4ཚེས་10ཉིན་རྔ་པ་ཀྲོའུ་ཡིས་ད་དུང་ཧོ་ཧའེ་སློབ་ཆེན་དང་ཆུ་གློག་ཆུ་བེད་འཆར་འགོད་ཇུས་འགོད་སྤྱི་ཁྱབ་ཁང་གིས་འཐབ་ཇུས་མཉམ་ལས་སྒྲོམ་གཞིའི་གྲོས་མཐུན་ལ་མིང་རྟགས་བཀོད་ནས་ཐུན་མོང་ཐོག“སྲིད་ཇུས་དང་། ཐོན་སྐྱེད་སློབ་སྦྱོང་། ཞིབ་འཇུག”བཅས་ཟུང་འབྲེལ་གསར་གཏོད་ཀྱི་སྒོ་དབྱེ་རྣམ་པའི་རིག་མཛོད་སྒྲིག་གཞི་སྟེ། རྔ་པ་ཀྲོའུ་ཡི་འཕེལ་རྒྱས་ཞིབ་འཇུག་ཡན་ལག་ཁང་བཙུགས་ཡོད། གདོང་སྣ་གཙང་པོ་རྒྱུག་ཁུལ་གྱི་ཆུའི་སྣོད་བཅུད་ཕྱོགས་བསྡུས་བཅོས་སྐྱོང་དང་། སི་ཁྲོན་ནུབ་བྱང་གི་སྣོད་བཅུད་དཔལ་འབྱོར་དཔེ་སྟོན་ཁུལ་འཛུགས་སྐྲུན། རླུང་འོད་ཆུ་གསུམ་མཉམ་འབྲེལ་བཀོད་གཏོང་གསབ་རེས་འཁོར་སྐྱོད་སོགས་གཙོ་གནད་ཞིབ་འཇུག་ཁྱབ་ཁོངས་སུ་བྱས་ཏེ་ཀྲུང་གོའི་ཆུ་རྒྱུག་ཁུལ་གྱི་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་ཞིབ་འཇུག་ལས་སྟེགས་རྩེ་གྲ་གཏོད་རྒྱུ་རེད།
      

    ཕྱོགས་བསྡུས་གསར་འགྱུར།