འཚོལ་བཤེར།   
藏文频道
2016ལོའི་ཟླ་8ཚེས་22ཉིན།
  • མི་དམངས་དྲ་བ།

    ༄༅།།ལྷ་མོའི་འཁྲབ་གཞུང་བརྒྱད་གྲངས་གཞི་ཅན་དུ་འགྱུར་རྒྱུར་མགྱོགས་མྱུར་སྐུལ་འདེད་གཏོང་བ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 08ཚེས་22ཉིན། 08:52】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། བོད་ཀྱི་ལྷ་མོར་ལོ་རྒྱུས་ཡུན་རིང་ལྡན་པ་དང་འཁྲབ་གཞུང་མང་ལ་མི་རིགས་དང་ས་ཁོངས་ཀྱི་ཁྱད་ཆོས་ཟབ་མོ་ལྡན་ཡོད། དེ་ནི་གླུ་གར་དང་། འཁྲབ་སྟོན། གཞས་མ་གཏམ། རྩོམ་རིག་བཅས་གཞི་གཅིག་ཏུ་འདུས་པའི་ཕྱོགས་བསྡུས་སྒྱུ་རྩལ་ཞིག་རེད། 2006ལོར་བོད་ཀྱི་ལྷ་མོ་རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་གི་མཚོན་རྟགས་རང་བཞིན་གྱི་རྣམ་གྲངས་མིང་གཞུང་ནང་བཅུག་པ་དང་། 2009ལོར་བོད་ཀྱི་ལྷ་མོ་མཉམ་འབྲེལ་རྒྱལ་ཚོགས་མིའི་རིགས་ཀྱི་མངོན་མིན་རིག་གནས་ཤུལ་བཞག་གི་མཚོན་བྱེད་བརྩམས་ཆོས་ཀྱི་མིང་གཞུང་ནང་བཅུག་ཡོད་པ་རེད།
         ལོ་རྒྱུས་ཀྱི་ཆུ་རྒྱུན་རིང་མོའི་ནང་《ཆོས་རྒྱལ་ནོར་བཟང་》དང་། 《གཟུགས་ཀྱི་ཉི་མ》 《སྣང་ས་འོད་འབུམ》 《འགྲོ་བ་བཟང་མོ》 《དྲི་མེད་ཀུན་ལྡན》 《པད་མ་འོད་འབར》 《གཅུང་པོ་དོན་ཡོད་དོན་གྲུབ》 《འུན་ཤིང་ཀོང་ཇོ་》བཅས་ལྷ་མོའི་འཁྲབ་གཞུང་ཁག་བརྒྱད་རིམ་བཞིན་ཆགས་ཡོད།
         ལྷ་སའི་མང་ཚོགས་ཚོས་ལྷ་མོའི་འཁྲབ་གཞུང་བརྒྱད་བལྟ་རྒྱུར་ཧ་ཅང་དགའ་པོ་བྱེད་ཀྱི་ཡོད། འོན་ཀྱང་བརྒྱུད་སྤེལ་ཐབས་ལམ་ལ་ཚད་བཀག་ཆེན་པོ་ཡོད་པ་དང་ས་ཁོངས་དང་མི་འབོར་དབང་གིས་ལྷ་མོའི་སྒྱུ་རྩལ་རྒྱུན་འཛིན་དང་འཕེལ་རྒྱས་གཏོང་རྒྱུར་ཤུགས་རྐྱེན་ཆེན་པོ་ཐེབས་ཡོད། ད་ཆ་བོད་ཀྱི་འབྲེལ་ཡོད་སྡེ་ཚན་གྱིས་སྲུང་སྐྱོབ་དང་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་བཏང་ཞིང་། བྱ་ཐབས་སྣ་ཚོགས་དང་རྣམ་པ་འདྲ་མིན་སྣ་ཚོགས་ཀྱི་ཐོག་ནས་ལྷ་མོའི་འཁྲབ་གཞུང་བརྒྱད་ཉར་ཚགས་ཡག་པོ་བྱས་ཏེ། གནའ་བོའི་སྒྱུ་རྩལ་དེ་དེང་རབས་ཚན་རྩལ་གྱི་ཐབས་ལམ་ལ་བརྟེན་ནས་ཟིན་ཐོར་བཀོད་པ་དང་ཕྱི་རབས་པས་རྒྱུན་འཛིན་དང་གསར་གཏོད་བྱ་རྒྱུར་གཞི་འཛིན་ས་མཁོ་འདོན་བྱས་ཡོད།
         སྲོལ་རྒྱུན་གྱི་ལྷ་མོའི་འཁྲབ་གཞུང་བརྒྱད་འཕེལ་རྒྱས་གཏོང་རིང་འཕྲད་པའི་འཇུར་མིག་གི་ཚོད་འཛིན་མེད་པ་བཟོ་ཆེད། 2013ལོའི་ཟླ་དང་པོར་བོད་རང་སྐྱོང་ལྗོངས་ལྷ་མོ་ཚོགས་པས་ལྷ་མོའི་འཁྲབ་གཞུང་བརྒྱད་གར་སྟེགས་ཀྱི་རྣམ་པར་སྒྱུར་བའི་རྣམ་གྲངས་ལག་ལེན་བསྟར་འགོ་བཙུགས་པ་དང་། 2014ལོའི་ཟླ་བརྒྱད་པར་《པད་མ་འོད་འབར་》དང་། 《ཆོས་རྒྱལ་ནོར་བཟང་》གི་སྲོལ་རྒྱུན་ལྷ་མོའི་འཁྲབ་ཚན་སྒྱུར་བཟོ་དང་། གར་སྟེགས་རྣམ་པ། བརྙན་ཕབ་བཅས་ཀྱི་ལས་དོན་ལེགས་གྲུབ་ཟིན་ཡོད།
         “2016ལོའི་ཟླ་གསུམ་པར་ང་ཚོས་《པད་མ་འོད་འབར་》དང་། 《ཆོས་རྒྱལ་ནོར་བཟང》 《འགྲོ་བ་བཟང་མོ་》བཅས་ལྷ་མོའི་འཁྲབ་གཞུང་གསུམ་གྱི་ཚད་ལྡན་ཡིག་ཆ་ལེགས་སྒྲིག་བྱེད་པའི་ལས་དོན་ལེགས་སྒྲུབ་བྱས་པ་དང་། དུས་མཚུངས་ཚད་ལྡན་ཡིག་ཆ་གྲངས་གཞི་ཅན་དང་གཟུགས་བརྙན་ཅན་གྱི་ཉར་ཚགས་ལས་དོན་ལེགས་སྒྲུབ་བྱས་ཡོད། ད་ཆ་སྒྱུར་བཟོ་བྱས་པའི་ལྷ་མོའི་འཁྲབ་གཞུང་གསུམ་པོ་དེ་དག་ཚང་མ་གྲངས་གཞི་ཅན་དུ་ཕབ་འཇུག་བྱས་པ་དང་འབྲེལ། འོད་སྡེར་དང་དཔེ་དེབ་བཟོས་ནས་ལྗོངས་ཡོངས་ཀྱི་རིག་གནས་རིག་རྩལ་ཚན་པ་དང་དམངས་ཁྲོད་ལྷ་མོ་ཚོགས་པར་སློབ་སྦྱོང་དཔྱད་གཞི་བྱ་རྒྱུར་སྤྲད་དེ་གཞི་རིམ་གྱི་ལྷ་མོའི་རུ་ཁག་གི‘སློབ་སྦྱོང་ལ་ཚད་གཞི་མེད་པ་དང་འཁྲབ་སྟོན་ལ་འཁྲབ་གཞུང་མེད་པའི’དངོས་ཡོད་དཀའ་གནད་བསལ་ཡོད”ཅེས་བོད་རང་སྐྱོང་ལྗོངས་ལྷ་མོ་ཚོགས་པའི་འགན་འཁུར་བས་ངོ་སྤྲོད་བྱས་བྱུང་།
      

    ཕྱོགས་བསྡུས་གསར་འགྱུར།