འཚོལ་བཤེར།   
藏文频道
2016ལོའི་ཟླ་8ཚེས་22ཉིན།
  • མི་དམངས་དྲ་བ།

    ༄༅།།“ལོ་ལྔ་ཚན་བཅུ་གསུམ་པའི”རིང་རང་རྒྱལ་གྱི་ནུས་རྒྱུའི་འཛད་གྲོན་འཕར་ཤུགས་ཆུང་ངུ་
    རྒྱུན་འཁྱོངས་ཐུབ་རེ་ཡོད་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 08ཚེས་22ཉིན། 08:53】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
         མི་དམངས་དྲ་བའི་འཕྲིན། “དཔལ་འབྱོར་1%འཕར་ན་ནུས་རྒྱུའི་འཛད་གྲོན་0.5%འཕར་གྱི་ཡོད། དེ་ནི་ལུགས་དང་མཐུན་པ་ཞིག་རེད། ཡིན་ནའང་ད་ཆའི་ངོས་ནས་བལྟས་ཚེ་དེ་ལྟར་འཕར་ཐུབ་བཟོ་མི་འདུག”ཅེས་ཚེས་19ཉིན་ཧྲང་ཧའེ་རུ་རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན་ནུས་རྒྱུ་ཞིབ་འཇུག་ཁང་གི་མཐོ་རིམ་ཞིབ་འཇུག་པ་ཧན་ཝུན་ཁོའོ་ཡིས་བརྗོད་པ་དང་། ཁོང་གིས་དུས་འབྲིང་རིམ་གྱི་ཐོག་ནས་བལྟས་ཚེ་རང་རྒྱལ་གྱི་ནུས་རྒྱུའི་འཛད་གྲོན་འཕར་ཚད་དམའ་བའི་རྣམ་པ་རྒྱུན་འཁྱོངས་ཐུབ་བཟོ་ཡོད་ཅེས་བརྗོད་ཀྱི་འདུག
         དེ་ཉིན་ཧན་ཝུན་ཁོའོ་ཡིས་ཧྲང་ཧའེ་རྒྱལ་སྤྱིའི་ནུས་རྒྱུ་གསར་གཏོད་ལྟེ་གནས་སུ་གཉེར་བའི“2016ལོའི་ཧྲང་ཧའེ་ཡི་ནུས་རྒྱུ་གསར་གཏོད་གླེང་སྟེགས”ཐོག་གཏམ་བཤད་སྤེལ་སྐབས“ལོ་ལྔ་ཚན་བཅུ་གཉིས་པའི”རིང་རང་རྒྱལ་གྱི་ནུས་རྒྱུའི་འཛད་གྲོན་འཕར་ཚད་ཆ་སྙོམས་3.6%ཙམ་ཟིན་ཡོད། ཡིན་ནའང་མཐའ་མཇུག་ལོར(2015ལོ)འཕར་ཚད་0.9%ལས་ཟིན་མེད། 2016ལོར་སླེབས་རྗེས་འཕར་ཚད་དམའ་བའི་རྣམ་པ་དེ་འདྲ་སྔར་བཞིན་རྒྱུན་འཁྱོངས་ཐུབ་ཡོད། འདི་ལོའི་ཟླ་དང་པོ་ནས་བདུན་པའི་བར་རང་རྒྱལ་གྱི་སྤྱི་ཚོགས་ཡོངས་ཀྱི་གློག་སྤྱོད་ཚད་དུས་མཚུངས་ལས་3.6%ལས་འཕར་མེད། མིག་སྔའི་དཔལ་འབྱོར་འཕར་ཚད་ཀྱི་ཐོག་ནས་བལྟས་ཚེ། གློག་སྤྱོད་ཚད་དུས་མཚུངས་ལས་འཕར་ཚད་4%ཙམ་རྒྱུན་འཁྱོངས་ཐུབ་པ་བྱ་རྒྱུ་ནི་ཅུང་ལུགས་མཐུན་ཞིག་རེད་ཅེས་བརྗོད་ཀྱི་འདུག
         ཧན་ཝུན་ཁོའོ་ཡིས་སྔོན་དཔག་བྱས་པར་གཞིགས་ན། “ལོ་ལྔ་ཚན་བཅུ་གསུམ་པའི”རིང་རང་རྒྱལ་གྱི་ནུས་རྒྱུའི་འཛད་གྲོན་འཕར་ཤུགས་ཆུང་བའི་རྣམ་པ་རྒྱུན་འཁྱོངས་ཐུབ་རྒྱུ་རེད། དེའི་ནང་རྡོ་སོལ་གྱི་འཛད་གྲོན་ཆག་རྒྱུ་རྒྱུན་འཁྱོངས་ཐུབ་རྒྱུ་དང་། གློག་ཤུགས་འཛད་གྲོན་འཕར་ཚད་3%ལས་མི་བརྒལ་བ། རྡོ་སྣུམ་འཛད་གྲོན་འཕར་ཚད་3%ཙམ་རྒྱུན་འཁྱོངས་ཐུབ་རྒྱུ་ཡིན་པ་རེད།
         ནུས་རྒྱུ་མཁོ་སྤྲོད་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་པ་དང་ནུས་རྒྱུའི་འཛད་གྲོན་འཕར་ཚད་རིམ་གྱིས་འགོར་དུ་འགྲོ་བའི་ཤུགས་རྐྱེན་ཕོག་པའི་དབང་གིས། རང་རྒྱལ་གྱི་སྲོལ་རྒྱུན་རྡོ་སོལ་གློག་གི་ཐོན་ནུས་ལྷག་འཕྲོ་ཤུགས་ཆེན་ཐོན་ནས་གློག་གཏོང་ཐད་སྤྱོད་པའི་ཆུ་ཚོད་གྲངས་འབོར་རྒྱུན་ཆད་མེད་པར་ཆུང་དུ་ཕྱིན་ཡོད་པ་རེད། ནུས་རྒྱུ་མཁོ་སྤྲོད་ལྷུག་པའི་རྒྱབ་ལྗོངས་ཆེན་པོའི་འོག་རང་རྒྱལ་གྱིས་ནུས་རྒྱུའི་གྲུབ་ཆ་ལེགས་སྒྲིག་བྱེད་མགྱོགས་སུ་བཏང་ནས་ལྗང་མདོག་ཐཱན་ཉུང་ཕྱོགས་སུ་ཕྱོགས་སྒྱུར་གང་མགྱོགས་བྱེད་དགོས་ཀྱི་ཡོད་པ་རེད།
         འཕེལ་རྒྱས་ཀྱི་འཆར་འགོད་གཞིར་བཟུང་། “ལོ་ལྔ་ཚན་བཅུ་གསུམ་པའི”དུས་མཇུག་ཏུ་རང་རྒྱལ་གྱི་རང་བྱུང་སོལ་རླངས་འཛད་གྲོན་སྨི་རྒྱ་དཔངས་ངོས་གྲུ་དུང་ཕྱུར་3500ཟིན་རྒྱུ་རེད། ཉེ་ལམ་ལོ་ཤས་རིང་རང་རྒྱལ་གྱི་རང་བྱུང་སོལ་རླངས་འཛད་གྲོན་འཕར་ཚད་འགོར་དུ་མངོན་གསལ་དོད་པོ་ཕྱིན་ཡོད་མོད། འོན་ཀྱང་ཧན་ཝུན་ཁོའོ་ཡིས་དམིགས་ཚད་དེ་ད་དུང་མངོན་འགྱུར་ཐུབ་རྒྱུ་ཡིན་པའི་ངོས་འཛིན་བྱེད་པ་དང་། ཁོང་གིས་“རང་རྒྱལ་གྱི་རྡོ་སྣུམ་དང་སོལ་རླངས་ཁྱབ་ཁོངས་ནང་རིམ་གྱིས་སྒྱུར་བཅོས་བྱས་པ་དང་བསྟུན་ནས་རྡོ་སོལ་འཛད་གྲོན་རིམ་གྱིས་ཆགས་པ་དང་སོལ་རླངས་ཀྱིས་རྡོ་སོལ་གྱི་ཚབ་བྱེད་པར་སྔར་བཞིན་ཁྲོམ་རའི་བར་མཐོངས་ཧ་ཅང་ཆེན་པོ་ཡོད”ཅེས་བརྗོད་ཀྱི་འདུག 
      

    ཕྱོགས་བསྡུས་གསར་འགྱུར།