འཚོལ་བཤེར།   
藏文频道
2016ལོའི་ཟླ་8ཚེས་17ཉིན།
  • མི་དམངས་དྲ་བ།

    ༄༅།།མཚོ་བོད་ལྕགས་ལམ་ཧྲིལ་པོར་སྲུབས་མེད་ལམ་ལྕགས་འདིང་རྒྱུ་ཡིན་པ། 

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 08ཚེས་17ཉིན། 09:31】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
         མི་དམངས་དྲ་བའི་འཕྲིན། ཉེ་ཆར། མཚོ་བོད་ལྕགས་ལམ་གྱི་ལམ་ལྕགས་བརྗེ་བའི་ལས་དོན་འཛམ་གླིང་ལྕགས་ལམ་གྱི་ས་བབ་མཐོ་ཤོས་གདང་ལ་རི་བོའི་ལམ་དུམ་དུ་སླེབས་ཡོད་པ་རེད། མིག་སྔའི་བར་མཚོ་བོད་ལྕགས་ལམ་གོར་ལྷ་དུམ་བུར་སྲུབས་མེད་ལམ་ལྕགས་སྤྱི་ལེ་1000ལྷག་ཙམ་བཏིང་ཟིན་པ་དང་སྔོན་དཔག་ལྟར་ན། འདི་ལོའི་ཟླ་9པར་ལམ་ལྕགས་བརྗེ་བའི་ལས་མཇུག་རྦད་དེ་འགྲིལ་རྒྱུ་རེད། སྐབས་དེ་དུས་མཚོ་བོད་ལྕགས་ལམ་ལམ་ཐག་ཧྲིལ་པོར་སྲུབས་མེད་ལམ་ལྕགས་བཏིང་ནས་མཚོ་བོད་ལྕགས་ལམ་དུ་མེ་འཁོར་གྱི་འཛེར་སྒྲ་མེད་པར་འགྱུར་རྒྱུ་རེད།
         ལམ་ལྕགས་མ་བཏིང་གོང་མཚོ་བོད་ལྕགས་ལམ་གོར་ལྷ་དུམ་བུར་རིང་ཚད་སྨི་25ཟིན་པའི་ལམ་ལྕགས་དཀྱུས་མ་སྤྱད་ཡོད་པ་དང་ལམ་ལྕགས་དང་ལམ་ལྕགས་དབར་སྲུབས་ཀ་ངེས་ཅན་བཞག་ནས་ཚ་རྒྱས་གྲང་འཁུམ་སྔོན་འགོག་བྱེད་པས་ཚང་མས་མེ་འཁོར་ནས་ཐོས་པའི་འཛེར་སྒྲ་ནི་མེ་འཁོར་འཁོར་ལོ་དང་ལམ་ལྕགས་ཐུག་པའི་སྒྲ་ཡིན་པ་དང་ཕོག་ཐུག་དེ་རིགས་ཀྱིས་ལམ་ལྕགས་ཀྱི་མགོ་དང་མེ་འཁོར་གྱི་འཁོར་ལོར་བརྡར་ཟད་ཤུགས་ཆེན་ཐེབས་པ་དང་དུས་མཚུངས་མེ་འཁོར་གྱི་མྱུར་ཚད་ལའང་ཚོད་འཛིན་ཕོག་པ་དང་འགྲུལ་པ་མེ་འཁོར་དུ་སྡོད་པའི་སྐྱིད་སྣང་ཆུང་དུ་འགྲོ་གི་ཡོད་པ་རེད།
         འདི་ལོའི་ཟླ་7ཚེས་1ཉིན་ནི་མཚོ་བོད་ལྕགས་ལམ་དུ་མེ་འཁོར་ཤར་གཏོང་ཐུབ་ནས་ལོ་10འཁོར་བའི་ཉིན་མོ་ཡིན་ཞིང་། ལོ་བཅུའི་རིང་མཚོ་བོད་ལྕགས་ལམ་ཀུང་སིས་རིམ་རྩིས་ལྟར་ན། འགྲུལ་པ་དུང་ཕྱུར་1.18དང་དངོས་ཟོག་ཏུན་དུང་ཕྱུར་4.545སྐྱེལ་འདྲེན་བྱས་ཡོད་པ་རེད། འགྲུལ་པ་ཚོ་ས་མཐོའི་མེ་འཁོར་ལ་སྡོད་སྐབས་དེ་བས་སྐྱིད་སྣང་དོད་པ་ཡོང་བ་བྱས་ནས“ལེ་དབང་སྟོང་གི་མཚོ་བོད་ལྕགས་ལམ་དུ་ལམ་ལྕགས་གཅིག་མཚུངས”ཡོང་བ་བྱ་ཆེད། 2010ལོ་ནས་བཟུང་མཚོ་བོད་ལྕགས་ལམ་ཀུང་སིས་གོར་ལྷ་དུམ་བུའི་ལམ་ཐག་སྤྱི་ལེ་1142ཟིན་པའི་ལམ་བུར་སྲུབས་མེད་ལམ་ལྕགས་བརྗེ་པོ་བརྒྱབ་ཅིང་། སྔར་ཡོད་ཀྱི་P50བཟོ་དབྱིབས་ཀྱི་སྨི་25ཟིན་པའི་ལམ་ལྕགས་དཀྱུས་མ་དག་P60བཟོ་དབྱིབས་ཀྱི་སྨི་500ཟིན་པའི་ལམ་ལྕགས་རིང་པོར་བརྗེ་པོ་བརྒྱབ་པ་རེད། ལམ་ལྕགས་བརྗེ་བའི་བརྒྱུད་རིམ་ཧྲིལ་པོའི་ནང་འཛམ་གླིང་གི་སྔོན་ཐོན་ཆུ་ཚད་ལྡན་པའི་སྒུལ་བདེ་རྣམ་པའི་དབུགས་གནོན་ཚ་ལ་རྒྱག་པའི་ལག་རྩད་སྤྱད་པ་དང་དེ་ནས་རྡར་བ་སོགས་ཀྱི་བཟོ་རྩལ་སྤྱད་དེ་ལམ་ལྕགས་ཁག་གི་སྦྲེལ་མཚམས་དབར་གྱི་སྲུབས་ཀ་མེད་པ་བཟོས་ནས་མཐར་སྲུབས་མེད་ལམ་ལྕགས་ཀྱི་ཚ་ལ་བརྒྱབ་ཡོད་པ་རེད།
         “ལམ་ལྕགས་བརྗེ་བའི་སྲུབས་མེད་ལམ་ལྕགས་ཀྱི་སྨི་རེའི་ལྗིད་ཚད་སྤྱི་རྒྱ་60ཟིན་ཞིང་། ཚགས་སྔར་ལས་དམ་པ་དང་། ཤུགས་ཚད་དེ་བས་ཆེ་བས་དེ་བས་མགྱོགས་པའི་མེ་འཁོར་གྱི་མྱུར་ཚད་ཐེགས་ནས་འགྲུལ་པ་སྐྱིད་སྣང་དོད་དུ་འགྲོ་བ་མ་ཟད། ད་དུང་ལྕགས་ལམ་གྱི་སྤུས་ཚད་ཀྱང་མཐོ་རུ་འགྲོ་གི་ཡོད་པས་བདག་སྐྱོང་མི་སྣས་ས་མཐོའི་ཁུལ་དུ་ངལ་རྩོལ་བྱེད་ཚད་དང་བདག་སྐྱོང་མ་གནས་གྲོན་ཆུང་ཐུབ་ཀྱི་ཡོད”ཅེས་མཚོ་བོད་ལྕགས་ལམ་ཀུང་སིའི་འབྲེལ་ཡོད་འགན་འཁུར་བས་ངོ་སྤྲོད་བྱས་བྱུང་།
      

    ཕྱོགས་བསྡུས་གསར་འགྱུར།