འཚོལ་བཤེར།   
藏文频道
2016ལོའི་ཟླ་8ཚེས་17ཉིན།
  • མི་དམངས་དྲ་བ།

    ༄༅།།རི་པིན་གྱིས་རང་སྐྱོན་རང་བརྟག་བྱ་རྒྱུ་ནི“བརྒྱད་གཅིག་ལྔའི”འགྱུར་མེད་ཀྱི་
    བརྗོད་དོན་ཡིན་དགོས། 

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 08ཚེས་17ཉིན། 09:27】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
         མི་དམངས་དྲ་བའི་འཕྲིན། དེ་རིང་ནི་རི་པིན་གྱིས་ཆ་རྐྱེན་གང་ཡང་མེད་པར་མགོ་བཏགས་ཞུས་ནས་ལོ་71འཁོར་བའི་དྲན་གསོའི་ཉིན་མོ་ཡིན་ཞིང་། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཡོངས་ཁྱབ་ཏུ་སེམས་ཁྲལ་བྱེད་པ་ལྟར། རི་པིན་གྱི་དབུ་བཞུགས་བློན་ཆེན་ཨན་པེ་ཅིང་སན་གྱིས་དེ་ཉིན་སྤེལ་བའི“རྒྱལ་ཡོངས་ཀྱི་དམག་འཁྲུག་ནང་ཤི་མཁན་ལ་མྱ་ངན་ཞུ་བའི་མཛད་སྒོའི”ཐོག་གི་གཏམ་བཤད་ནང་ཀུན་གྱིས་བསམ་ཚོད་བཞིན་དུ་ཨེ་ཤེ་ཡའི་རྒྱལ་ཁབ་ཁག་ལ་གནོད་འཚེ་བཏང་བའི་དོན་དངོས་དང་དམག་འཁྲུག་ལ་རང་སྐྱོན་རང་བརྟག་བྱ་རྒྱུ་སླར་ཡང་བཤད་མེད་པ་རེད།
         ཀུན་གྱིས་ཤེས་གསལ་ལྟར། 1995ལོའི་ཟླ་8ཚེས་15ཉིན། སྐབས་དེའི་དབུ་བཞུགས་བློན་ཆེན་ཚུན་ཧྲན་ཧྥུའུ་ཧྲེ་ཡིས“ཚུན་ཧྲན་གྱི་གཏམ་གླེང”སྤེལ་བའི་བརྗོད་སྙིང་ནི“དམག་འཁྲུག་གི་འགན་འཁྲི”དང“དམག་མི་རྒྱག་པའི་མནའ་ཚིག”ཡིན་པ་རེད། དེ་ནས་བཟུང་། རི་པིན་གྱི་སྐབས་རིམ་བྱུང་གི་དབུ་བཞུགས་བློན་ཆེན་ཚང་མས་རི་པིན་དམག་ཕམ་པའི་ཉིན་མོའི་གཏམ་བཤད་ནང་རི་པིན་གྱིས་ཨེ་ཤེ་ཡའི་རྒྱལ་ཁབ་ཁག་ལ་དམག་འཁྲུག་གི་འགན་འཁྲི་དང“དམག་མི་རྒྱག་པའི་མནའ་ཚིག”ཤོད་ཀྱི་ཡོད་པ་རེད། འོན་ཀྱང་ཨན་པེ་ཡིས“གཞན་དང་མི་འདྲ་བའི”ཐོག་ནས་གནད་དོན་དེ་ཉིད“གཏིང་བརྗེད”སོང་ཚུལ་བྱེད་ཀྱི་ཡོད་པ་རེད། རི་པིན་གྱི་དབུ་བཞུགས་བློན་ཆེན་ཐེངས་གཉིས་བྱས་ཚུན། ཨན་པེ་ཡིས་དམག་ཕམ་པའི་དྲན་གསོའི་བྱེད་སྒོའི་ཐོག་བསྟུད་མར་ལོ་བཞིའི་རིང“གནོད་འཚེ་གཏོང་བ”དང“རང་སྐྱོན་རང་བརྟག”སྐོར་གླེང་གི་མེད་པ་རེད། ན་ནིང་། རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་གནོན་ཤུགས་འོག ཨན་པེ་ཡིས་དམག་འཁྲུག་ལངས་ནས་ལོ་བདུན་ཅུ་འཁོར་བའི་གཏམ་བཤད་ནང“དམག་མི་རྒྱག་པའི་མནའ་ཚིག”གླེང་མོད། དེ་ཡང་དོན་དངོས་ལས་ར་སྤྲོད་བྱུང་བ་ལྟར་གཡོ་འཁྲུལ་ཙམ་རེད།
         འདས་པའི་ལོ་གཅིག་རིང་གི་ཨན་པེ་སྲིད་གཞུང་གི་བྱེད་ལུགས་བྱེད་སྟངས་ལ་བལྟས་ཚེ། “དམག་མི་རྒྱག་པའི་འདུ་ཤེས”དང་རྒྱང་ཐག་ཇེ་རིང་དུ་སོང་ཡོད། མི་ཚོས་ངེས་གསལ། གཏམ་གླེང་སྤེལ་ནས་དུས་ཡུན་ཟླ་གཅིག་འདས་རྗེས། ཨན་པེ་སྲིད་དབང་གིས་ཨུ་ཚུགས་མཐར་སྐྱེལ་གྱིས་རྒྱལ་ཚོགས་ཐོག་བདེ་སྲུང་བཅའ་ཁྲིམས་གསར་པར་གྲོས་འཆམ་བྱུང་ཐབས་བྱས་ཏེ། མཉམ་སྡེབ་རང་སྲུང་དབང་ཆ་ལག་ལེན་བསྟར་བར་བཅའ་ཁྲིམས་ཀྱི་བཀག་རྒྱ་མེད་པ་བཟོས་པ་དང་། འདི་ལོའི་ཟླ་7པར་གྲོས་ཚོགས་གོང་མའི་འདེམས་བསྐོའི་ཁྲོད་རྩ་ཁྲིམས་ལ་བཟོ་བཅོས་རྒྱག་མཁན་ཕྱོགས་གཏོགས་ལ་གསུམ་ཆ་གཉིས་ཡན་གྱི་ཚོགས་གྲལ་ཐོབ་ནས་རྩ་ཁྲིམས་ལ་བཟོ་བཅོས་རྒྱག་རྒྱུ་རིང་མིན་བསྒྲུབ་ཐུབ་རྒྱུ་རེད། ཨན་པེ་ཡི་སྣེ་ཁྲིད་འོག རི་པིན་དེ་ཉིད་གོང་གི་དམག་འཁྲུག་དང་ཐག་ཇེ་རིང་དུ་འགྲོ་བ་དང་རྗེས་མའི་དམག་འཁྲུག་དང་ཐག་ཇེ་ཉེར་འགྲོ་བཞིན་ཡོད།
         རང་སྐྱོན་རང་བརྟག་ནི“བརྒྱད་གཅིག་ལྔའི”འགྱུར་་མེད་ཀྱི་བརྗོད་དོན་ཡིན་དགོས་ཤིང་། འདས་པའི་ནོར་འཁྲུལ་ལ་རང་སྐྱོན་རང་བརྟག་མ་བྱས་ཚེ། འབྱུང་འགྱུར་གྱི་བསམ་དོན་ཡོད་ཚད་གླེང་ཐབས་བྲལ། “བརྒྱད་གཅིག་ལྔར”དྲན་གསོ་ཞུ་རྒྱུ་དེ་འདས་པོར་མྱ་ངན་ཞུས་པ་ཙམ་མ་ཡིན། དམག་རྒྱལ་རིང་ལུགས་ཀྱི་ལམ་རྙིང་པར་སླར་ཡང་བསྐྱོད་པ་དེ་དམག་འཁྲུག་ནང་གྲོངས་མཁན་ངོས་ནས་བརྗོད་ན་ཕོག་ཐུག་དེ་ཆེ་ཤོས་རེད།
         ཨན་པེ་ཡིས“གནོད་འཚེ་བཏང་བ”དང“རང་སྐྱོན་རང་བརྟག”སྐོར་མི་གླེང་བ་དེ་ལས་ཨན་པེ་ཡི“ལོ་རྒྱུས་ཀྱི་ལྟ་བ”དང“དམག་འཁྲུག་གི་ལྟ་བ”དམར་རྗེན་དུ་བཏོན་པ་རང་རེད། 2012ལོར་སྲིད་འགན་འཁུར་ཚུན། ཨན་པེ་ཡིས་རི་པིན་གྱི་སྣེ་འཁྲིད་ནས་ཉེན་ཁའི་ལམ་བུ་ཞིག་ཏུ་སྐྱོད་བཞིན་ཡོད་ལ། རི་པིན་དེ་ཨེ་ཤེ་ཡ་ཤར་མའི་བརྟན་ལྷིང་མིན་པའི་ལྟེ་བ་གསར་པ་ཞིག་ཏུ་འགྱུར་རྒྱུ་རེད། རི་པིན་གྱི་དམག་གྲོན་ལོ་བསྟུད་མར་འཕར་བ་དང་དམག་སྦྱོང་རྒྱུན་ཆད་མེད་པར་བྱས་པ་མ་ཟད། རི་པིན་གྱི་འགོག་སྲུང་གི་རྒྱབ་ཤ་དཀར་པོའི་དེབ་ནང་རྐང་བཙུགས་ནས་ཀྲུང་གོ་དང་ཁྲའོ་ཞན་གྱི་འཇིགས་སྐུལ་ཞེས་པ་འུད་སྒྲོག་བྱས་ཏེ། དམག་དཔུང་རྒྱ་ཆེར་བཏང་ནས་དམག་རྒྱག་གྲ་སྒྲིག་བྱེད་པར་གླེང་ཕྱོགས་ཆེན་པོ་བཟོ་གི་ཡོད། ཉེ་བའི་རིང་རི་པིན་གྱིས་ཐ་ན་རང་ཉིད་དང་འབྲེལ་བ་གང་ཡང་མེད་པའི་ལྷོ་རྒྱ་མཚོའི་གནད་དོན་ལ་ཐེ་ཇུས་བྱས་ནས། ཆུ་དཀྲུག་ནས་ཉ་མོ་འཛིན་པའི་བསམ་ངན་འཆང་བ་མ་ཟད། དམག་དོན་རྒྱ་ཆེར་གཏོང་གྱུར་ཁ་གཡར་ས་འཚོལ་གྱི་ཡོད་པ་རེད། ཨན་པེ་ཡིས་སྲིད་དབང་བཟུང་པའི་ལོ་བཞིའི་རིང་རི་པིན་གྱི་འགོག་སྲུང་སྔོན་རྩིས་ལོ་བསྟུད་མར་འཕར་ནས་2016ལོར་འགོག་སྲུང་སྔོན་རྩིས་ལོ་རྒྱུས་ཀྱི་ཟིན་ཐོ་མཐོ་ཤོས་སུ་སླེབས་ཏེ་རི་པིན་གྱི་སྒོར་དུང་ཕྱུར་ཁྲི་5ཟིན་ཡོད། ཨན་པེ་ཡིས་དམག་ཤུགས་ཆེ་རུ་གཏོང་བ་དང་མནའ་འབྲེལ་ལ་ཤུགས་སྣོན་རྒྱག་པ་ནི་རི་པིན་ལ་སྲུང་སྐྱོབ་བྱེད་ཆེད་ཡིན་ཚུལ་ཤོད་པ་ནི་ཁ་གཡར་བ་རང་ཡིན་པ་རེད།
         ཨན་པེ་ཡིས“རང་སྐྱོན་རང་བརྟག”གླེང་རྒྱུ་ཕར་བཞག དབྱུག་པ་ཚུར་གཞུས་ཀྱི་དཔེ་ལྟར་དམག་རྒྱལ་རིང་ལུགས་ལ“རྣམ་ཤེས་བཀུག་པའི”ལས་ལ་དབྱིངས་ཞུགས་ཤིང་། ཚེས་15ཉིན་ལ་ཨན་པེ་རང་ཉིད་རྒྱལ་བདེ་ལྷ་ཁང་དུ་བསྐྱོད་མེད་རུང་། རང་དབང་དམངས་གཙོ་ཏང་ཤོག་གི་འགོ་གཙོའི་མིང་ཐོག་ནས་རྒྱལ་བདེ་ལྷ་ཁང་ལ“གཡང་ཊིའི་ཕྲེང་བ”(མཆོད་འབུལ་གྲོན་དངུལ་)ཕུལ་བ་རེད། བྱེད་སྟངས་དེ་ནི་རི་པིན་གྱི་གཡས་རུའི་ཕྱོགས་གཏོགས་ལ“རང་སེམས་ཕྱོགས་པའི”བསམ་ཚུལ་མཚོན་ཐབས་བྱེད་པ་ནས། ཁོ་པའི་དམག་རྒྱལ་རིང་ལུགས་ཀྱི་ཧམ་སེམས་དམར་རྗེན་དུ་མངོན་ཡོད། གུས་མཇལ་དུ་ཕྱིན་ཡང་རུང་། མཆོད་འབུལ་བྱས་ཡོད་ཀྱང་རུང་། དེའི་ངོ་བོ་དངོས་ནི་བཙན་འཛུལ་དམག་འཁྲུག་དང་། “གནོད་འཚེ་བཏང་བའི་འགན་འཁྲི”ཡོད་པ་ཁས་ལེན་མི་བྱེད་པ། དམག་འཁྲུག་གི་བྱེད་གཏེ་དཔའ་བོར་བརྩི་བ་བཅས་ཀྱི་རིན་ཐང་ལྟ་བ་ཞིག་རེད། ཏག་ཏག་དེ་ནི་རི་པིན་དམག་རྒྱལ་རིང་ལུགས་ཀྱི་གནོད་འཚེ་ཕོག་པའི་ཨེ་ཤེ་ཡའི་མི་དམངས་དུང་ཕྱུར་མང་པོའི་བརྩེ་དུང་ལ་ཕོག་ཐུག་བཏང་བ་རང་རེད།
         རང་སྐྱོན་རང་བརྟག་སྐོར་གླེང་སྐབས། འཛམ་གླིང་སྐྱེ་བོ་ཀུན་གྱིས་འཇར་མན་གྱི་ཙུང་ཐུང་ཟུར་པ་ཝུའེ་ཚེ་ཙེ་ཁེའི“སུས་ལོ་རྒྱུས་ལ་ཕྱིར་བལྟས་མ་བྱས་ཚེ། དོན་དངོས་ཀྱི་མདུན་དུ་བློ་མིག་ལྡོངས་སྲིད། སུས་གཏུམ་སྤྱོད་ལ་ཕྱིར་དྲན་མ་བྱས་ཚེ། འབྱུང་འགྱུར་སླར་ཡང་ལོག་ལམ་དུ་འགྲོ་སྲིད”ཅེས་པའི་ལེགས་བཤད་གྲགས་ཅན་དེ་ངེས་ཡོད་ཤས་རེད། རི་པིན་མི་དམངས་ཀྱིས་བགྲང་བྱ་བདུན་ཅུ་ལྷག་བརྟན་པོར་སྲུང་བའི་ཞི་བདེ་དེ་མི་རིང་བའི་སྐབས་སུ་མེད་པར་འགྲོ་མིན་གྱི་གནད་དོན་འདིའི་འདྲི་ལན་གང་འདེབས་མིན་ནི“རང་སྐྱོན་རང་བརྟག”བྱ་རྒྱུར་རག་ལུས་ཡོད།
      

    ཕྱོགས་བསྡུས་གསར་འགྱུར།