འཚོལ་བཤེར།   
藏文频道
2016ལོའི་ཟླ་8ཚེས་10ཉིན།
  • མི་དམངས་དྲ་བ།

    ༄༅།།རང་སྐྱོང་ལྗོངས་ཀྱིས་མོང་དང་གྲོང་ཁྱེར་གྱི་གེགས་སེལ་མ་དངུལ་གཤམ་སྤྲོད་བྱས་རྗེས་ཀྱི་
    ཉིན་25ནང་གནོད་འཚེ་ཕོག་པའི་མང་ཚོགས་ཀྱི་ལག་ཏུ་འབྱོར་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 08ཚེས་10ཉིན། 11:57】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་8ཚེས་8་ཉིན་ཤས་གོང་ནང་སོག་རང་སྐྱོང་ལྗོངས་དམངས་སྲིད་ཐིང་གིས་ལྗོངས་ཡོངས་ཀྱི་གེགས་སེལ་མ་དངུལ་དོ་དམ་བེད་སྤྱོད་དང་གེགས་སེལ་འཕྲལ་སྡོམ་གྲ་སྒྲིག་གནས་ཚུལ་ཞིབ་བཤེར་བྱེད་སྐབས་ཆི་དང་རྫོང་ཁག་གཅིག་གི་གེགས་སེལ་མ་དངུལ་སྤྲོད་འགོར་བ་དང་། ཆི་དང་རྫོང་ཉུང་ཤས་ཀྱིས་རང་སོར་ཉར་བའི་དངུལ་གྲངས་ཅུང་མང་བ་དང་གེགས་སེལ་མ་དངུལ་བེད་སྤྱོད་དོ་དམ་ཚད་ལྡན་མེད་པ། ཆི་དང་རྫོང་འགའ་ཞིག་གིས“ཆེད་དངུལ་ཆེད་སྤྱོད་དང་གཙོ་གནད་བེད་སྤྱོད”ཀྱི་རྩ་དོན་ལ་མ་གཞིགས་པར་མ་དངུལ་སྤྲོད་པ་དང་དེའི་གོ་རིམ་ཚད་ལྡན་མེད་པ་བཅས་ཀྱི་སྣང་ཚུལ་ཡོད་པ་ཤེས་རྟོགས་བྱུང་བ་རེད།
         གོང་གསལ་གྱི་གནད་དོན་ལ་དམིགས་ཏེ་དམངས་སྲིད་ཐིང་གིས་ས་ཁུལ་ཁག་ལ་གེགས་སེལ་མ་དངུལ་ངེས་པར་དུ“ཆེད་དངུལ་ཆེད་སྤྱོད་དང་གཙོ་གནད་བེད་སྤྱོད”ཀྱི་རྩ་དོན་དང་ཁྱབ་ཁོངས་ལ་ནན་པོར་གཞིགས་ནས་གེགས་སེལ་མ་དངུལ་སྤྱོད་དགོས་པ་ལས་ཆ་སྙོམས་བགོ་བཤའ་རྒྱག་པ་དང་གེགས་སེལ་མ་དངུལ་གྱི་བེད་སྤྱོད་བྱེད་ཁོངས་རང་དགར་འགྱུར་ལྡོག་གཏོང་མི་ཆོག་པ་དང་གེགས་སེལ་མ་དངུལ་འབྲེལ་ཡོད་གཏན་འབེབས་གཞིར་བཟུང་དུས་ཐོག་ཏུ་སྤྲོད་པ་ལས་རྒྱུ་མཚན་གང་རུང་ལ་བརྟེན་ནས་ནར་འགྱངས་བྱེད་མི་ཆོག་པའི་བླང་བྱ་བཏོན་པ་རེད།
         སླད་ཕྱིན། རང་སྐྱོང་ལྗོངས་ཀྱིས་མོང་དང་གྲོང་ཁྱེར་ལ་སྤྲད་པའི་གེགས་སེལ་མ་དངུལ་མོང་དང་གྲོང་ཁྱེར་གྱིས་ཉིན་10ཡི་ནང་ཆི་དང་རྫོང་ལ་སྤྲོད་དགོས། ཆི་དང་རྫོང་གིས་ཉིན་15ཡི་ནང་གེགས་སེལ་མ་དངུལ་གནོད་འཚེ་ཕོག་པའི་མང་ཚོགས་ཀྱི་ལག་ཏུ་སྤྲོད་དགོས། རྒྱུ་མཚན་མེད་པར་ནར་འགྱངས་བྱས་ཚེ་འབྲེལ་ཡོད་མི་སྣའི་འགན་འཁྲི་བདའ་འདེད་གཏོང་རྒྱུ་དང་འབྲེལ། ཕྱིས་སུ་གེགས་སེལ་མ་དངུལ་བགོ་བཤའ་རྒྱག་སྐབས་འདིའི་སྟོན་གྲངས་ཞིབ་བཤེར་བྱས་ནས་ཇེ་ཉུང་དུ་གཏོང་རྒྱུ། དུས་མཚུངས། གེགས་སེལ་མ་དངུལ་རང་སོར་ཉར་བའི་མོང་དང་གྲོང་ཁྱེར་དང་། ཆི་དང་རྫོང་ལ་རང་སྐྱོང་ལྗོངས་དམངས་སྲིད་ཐིང་གིས་རྗེས་འདེད་ལྟ་སྐུལ་ཞིབ་བཤེར་བྱ་རྒྱུ་དང་མ་དངུལ་རང་སོར་ཉར་བའི་ཆི་དང་རྫོང་ལ་མོང་དང་གྲོང་ཁྱེར་གྱིས་བྱང་བུ་བཀལ་ནས་བསྒྲུབ་སྐུལ་བྱ་རྒྱུ། འབྲེལ་ཡོད་མོང་དང་གྲོང་ཁྱེར་དང་། ཆི་དང་རྫོང་གིས་ཟླ་བ་བརྒྱད་པའི་ཟླ་མཇུག་གོང་བཅོས་སྒྲིག་དོན་འཁྱོལ་བྱེད་དགོས། གལ་སྲིད་བཅོས་སྒྲིག་གནད་ལ་མི་འཁེལ་བའི་ས་ཁུལ་ཡོད་ཚེ་ལྗོངས་ཡོངས་ལ་བརྡ་ཁྱབ་གཏོང་རྒྱུ་རེད། 
      

    ཕྱོགས་བསྡུས་གསར་འགྱུར།