འཚོལ་བཤེར།   
藏文频道
2016ལོའི་ཟླ་8ཚེས་10ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་དུ་གནད་སྨིན་དབུལ་སྐྱོར་བྱས་པ་ནི་ཐབས་མཆོག་གཅིག་ཡིན། 

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 08ཚེས་10ཉིན། 11:22】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
         ཉེ་ཆར། ལོ་67ལ་སླེབས་པའི་བོད་ལྗོངས་གོང་དཀར་རྫོང་སྐྱིད་གཤོངས་གྲོང་རྡལ་འབོད་སྣང་གྲོང་ཚོའི་ཞིང་པ་རྒྱ་མཚོས་སེམས་འགུལ་ཐེབས་བཞིན་གསར་འགོད་པར“ཚེ་མཇུག་ཏུ་སྡོད་ཁང་ཡག་པོ་འདི་འདྲའི་ནང་སྡོད་རྒྱུ་བྱུང་བ་བསམ་བསམ་མ་བྱུང་། དངོས་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན”ཞེས་བཤད། བོད་རིགས་ཀྱི་ཞིང་པ་དེས་བུ་ཕྲུག་གཉིས་ལ་ཁྱིམ་ཚང་བཟུང་རོགས་བྱས་རྗེས་རང་ཉིད་ལོ་30ལྷག་ཙམ་བསྡད་པའི་ས་ཕག་ཁང་པ་བསྐྱར་དུ་རྒྱག་པའི་ནུས་པ་མེད། འདི་ལོའི་ཟླ་ལྔ་པར། ཁོང་སྲིད་གཞུང་གིས་ལག་བསྟར་བྱས་པའི“གནད་སྨིན་དབུལ་སྐྱོར”གྱི་རོགས་རམ་འོག་དེ་སྔའི་ས་ཆའི་ཐོག་བསྐྲུན་པའི་ཨར་འདམ་ལྕགས་རྩིབས་མའི་ཁང་པ་གསར་པའི་ནང་སྤོས་ཡོད། “གནད་སྨིན་དབུལ་སྐྱོར”གྱི་སྐོར་བརྗོད་སྐབས། བགྲེས་སོང་གིས“རིན་ཆེན་ནོར་བུ། རིན་ཆེན་ནོར་བུ”ཞེས་བརྗོད་ཀྱི་ཡོད། གསར་འགོད་པས་དེའི་གོ་དོན་གྲོང་མི་ཚོར་སྐད་ཆ་དྲིས་སྐབས། མང་ཚོགས་ཚོས་སྲིད་ཇུས་དེ་ནོར་བུ་ལྟར་རེད་ཅེས་པའི་དོན་ཡིན་ལུགས་ལན་བརྒྱབ་བྱུང་།
         གནད་སྨིན་དབུལ་སྐྱོར་ལ་བོད་ཀྱི་མི་རིགས་ཁག་གི་མང་ཚོགས་ཚོས་སེམས་གཏིང་ནས་བསྔགས་བརྗོད་བྱེད་ཀྱི་ཡོད། ཤེས་རྟོགས་བྱུང་བར་གཞིགས་ན། བོད་ནི་རྒྱལ་ཡོངས་ཀྱི་དབུལ་སྒྲོལ་འགག་སྒྲོལ་གྱི་གཙོ་གནད་དང་དཀའ་གནད་ས་ཁུལ་ཡིན་པས“ལོ་ལྔ་ཚན་བཅུ་གསུམ་པའི”རིང་། རྒྱལ་ཁབ་ཀྱིས་ད་ལྟ་ལག་བསྟར་བྱེད་པའི་ཚད་གཞི་གཞིར་བཟུང་། བོད་ཀྱིས་ཞིང་འབྲོག་ཁུལ་གྱི་མི་ཁྲི་59ཚང་མ་དབུལ་སྒྲོལ་ཐུབ་རྒྱུའི་གཏན་འཁེལ་བྱས། དབུལ་པོ་ཁྲི་59མང་པོ་མེད་ནའང་། མི་འབོར་དེ་དག་སྤྱི་ལེ་ངོས་གྲུ་ཁྲི་120ཡི་ཡངས་ཤིང་རྒྱ་ཆེ་བའི་ས་ཆའི་ཐོག་གནས་ཡོད་པས་དབུལ་སྒྲོལ་གྱི་དཀའ་ཚད་ཧ་ཅང་ཆེན་པོ་རེད། ཤེས་རྟོགས་བྱུང་བར་གཞིགས་ན། དབུལ་པོར་གྱུར་བའི་རྒྱུ་རྐྱེན་ཧ་ཅང་མང་པོ་ཡོད་པ་སྟེ། རང་བྱུང་གི་ཁོར་ཡུག་ཞན་པ་དང་། འཚོ་གནས་འཕེལ་རྒྱས་ཀྱི་ཆ་རྐྱེན་ཞན་པ། ཐོན་སྐྱེད་བྱེད་སྟངས་རྗེས་སུ་ལུས་པ། མི་འབོར་དབུལ་པོའི་བྱང་ཚད་དམའ་བ་སོགས་རེད།
         དང་ཐོག་དུད་ཚང་དབུལ་པོར་གནད་སྨིན་དབྱེ་འབྱེད་བྱེད་དགོས། རང་སྐྱོང་ལྗོངས་དབུལ་སྐྱོར་གཞུང་དོན་ཁང་གི་འབྲེལ་ཡོད་མི་སྣས་གསར་འགོད་པར་དབུལ་པོ་ཁྲི་59ལ་ཞིབ་བསྡུར་ནན་པོ་ཐེངས་གསུམ་བྱས་ཟིན་པ་དང་ད་དུང་ཞིབ་བསྡུར་ཐེངས་ཤིག་ད་ལྟ་བྱེད་བཞིན་ཡོད། དབྱེ་འབྱེད་ཀྱི་ཚད་གཞིའི་ཐད་ཆེ་སར་འདྲ་ལ་ཆུང་སར་ཁྱད་པར་ཡོད། ང་ཚོས་ཁང་པ་དང་། ཕྱུགས་ཟོག་དང་འབྲུ་རིགས། ངལ་ནུས་ཡོད་མེད། སློབ་གྲྭར་འགྲོ་མཁན་བུ་ཕྲུག་ཡོད་མེད། བསམ་བློའི་གནས་ཚུལ་བཅས་ལ་བལྟ་བ་མ་ཟད། དུད་ཚང་དབུལ་པོར་གཏན་འཁེལ་བྱེད་པར་གོ་རིམ་ནན་པོ་བཤེར་དགོས་པ་སྟེ། རེ་ཞུ་དང་དཔྱད་མོལ་གཅིག་བྱེད་པ་དང་། ཞིབ་བཤེར་(གྲོང་ཚོ་དང་ཤང་) གཉིས་བྱེད་པ། ཡོངས་བསྒྲགས་(གྲོང་ཚོ་དང་། ཤང་། རྫོང་)གསུམ་བཅས་བྱས་ཏེ་མཐར་དུད་ཚང་ལ་གཱ་ཡོད་པ་དང་། གྲོང་ཚོ་དང་ཤང་ནང་ཐོ་ཡོད་པ། རྫོང་དུ་ཡིག་ཚགས་ཡོད་པ་བཅས་ཀྱི་རྣམ་པ་ཆགས་ཡོད་ཅེས་བཤད།
         དབུལ་པོ་ཁྲི་59དབུལ་པོར་གྱུར་བའི་རྒྱུ་རྐྱེན་མི་འདྲ་བར་དམིགས་ཏེ། བོད་ཀྱིས་དབུལ་སྐྱོར་གྱི་ཐབས་ཇུས་ལ་རིགས་དབྱེ་སྐུལ་འདེད་བཏང་བ་སྟེ། ཡུལ་ཕྱོགས་ཤིག་གིས་ཡུལ་ཕྱོགས་དེའི་མི་གསོ་མི་ཐུབ་རིགས་ཡུལ་གཞན་དུ་གནས་སྤོ་བྱེད་པ་དང་། ནགས་ཚལ་དང་རྩྭ་ཐང་ཡོད་པའི་ཞིང་འབྲོག་པར་སྣོད་བཅུད་ཁ་གསབ་སྤྲོད་པ། ཐོན་ལས་གྱི་རྨང་གཞི་ཡོད་རིགས་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་ཤུགས་ཆེན་གཏོང་བ། ངལ་རྩོལ་རྩལ་ནུས་མེད་རིགས་ལ་རྩལ་ནུས་གསོ་སྦྱོང་དང་ལས་ཞུགས་གཞན་སྒྱུར་བྱེད་པ། ནད་ཀྱིས་རྐྱེན་པས་དབུལ་པོར་གྱུར་རིགས་ལ་སྨན་བཅོས་རོགས་སྐྱོབ་འགན་སྲུང་མཁོ་འདོན་བྱེད་པ། ངལ་ནུས་མེད་པར་མཐའ་སྐྱོང་རང་བཞིན་གྱི་འགན་ལེན་སྲིད་ཇུས་ལག་བསྟར་བྱེད་པ་སོགས་རེད།
         ད་ཕན་ལོ་ཤས་རིང་། ལེགས་ཆའི་ཐོན་ལས་ལས་དབུལ་སྒྲོལ་ཕྱུག་འགྱུར་ཐུབ་པའི་གནས་ཚུལ་བོད་དུ་མང་པོ་ཐོན་ཞིང་། “འབྲུ་ནག་དང་འབྲུ་སྨུག་པོ”ལྷུན་རྩེ་རྫོང་དཔལ་འབྱོར་གླིང་གྲོང་ཚོའི་ཞིང་དུད་116གི་ཕྱུག་འགྱུར་ལྡེ་མིག་ལྟ་བུར་གྱུར་ཡོད། ཉིང་ཁྲི་གྲོང་ཁྱེར་བྲག་ཡིབ་ཆུས་ཨ་སྐྱིད་གླིང་ཁྱད་ལྡན་དཔལ་འབྱོར་འཕེལ་རྒྱས་ཞིང་འབྲོག་པའི་མཉམ་ལས་ཁང་གིས་བཟའ་བཏུང་དང་། ལག་ཤེས་བཟོ་ལས། ནགས་ཁྲོད་ཐོན་རྫས་དང་དེ་བཞིན་ལས་སྣོན་སོགས་ལ་བརྟེན་ནས་ད་ཆ་ལོའི་ཚོང་གཉེར་ཡོང་འབབ་སྒོར་ཁྲི་400ལྷག་ཙམ་བྱུང་ཡོད། འཇོ་མདའ་རྫོང་སྤོ་ལོ་ཤང་གི་ཞིང་འབྲོག་པའི་ལག་ཤེས་བཟོ་ལས་མཉམ་ལས་ཁང་གིས་ཉེ་འགྲམ་གྱི་གཞོན་ནུ་བཅུ་གྲངས་ཁ་ཤས་ཀྱི་ཟླ་རེའི་ཡོང་འབབ་སྒོར་5000ཙམ་དུ་འཕར་བ་བྱས་པས་ཕྱུག་འགྱུར་གྱི་ཕུགས་འདུན་མངོན་འགྱུར་བྱུང་ཡོད།
         དབུལ་པོ་ཁག་གཅིག་གི་དབུལ་སྒྲོལ་འདུ་ཤེས་ཟབ་མོ་མེད་པ་དང་། ད་ཡོད་ལ་ཡིད་ཚིམ་པ། བརྩོན་པ་ལྷུར་ལེན་མི་བྱེད་པ། “སྒུག་རྟེན་སློང”གསུམ་བྱེད་པ་དང་ཐ་ན“ཟ་འདོད་པ་ལས་ལས་མ་འདོད་པའི”རྣམ་འགྱུར་ལ་དམིགས་ཏེ། བོད་ཀྱི་ས་ཁུལ་ཁག་གིས་སློབ་གསོ་དང་ཁྲིད་སྟོན་ཧུར་ཐག་བྱས་ཡོད། ཨ་མདོ་རྫོང་གིས་རྫོང་ཡོངས་ལ་ཁྱབ་པའི་དབུལ་སྐྱོར་སྲིད་ཇུས་ཀྱི་མཚན་མོའི་སློབ་གྲྭ་བཙུགས་ཏེ་དབུལ་སྐྱོར་སྲིད་ཇུས་ལ་འགྲེལ་པ་གང་ལེགས་རྒྱག་པ་མ་ཟད། མང་ཚོགས་དབུལ་པོར་ལས་སླ་པོར་མི་ཐོབ་པའི་དབུལ་སྐྱོར་རྣམ་གྲངས་དང་དེ་བཞིན་གྲུབ་འབྲས་ལ་གཅེས་འཛིན་བྱེད་དགོས་པའི་ཁྲིད་སྟོན་དང་སློབ་གསོ་བཏང་སྟེ་བསམ་བློ“ང་དབུལ་སྒྲོལ་བྱེད་དུ་འཇུག་པ”ནས“ང་དབུལ་སྒྲོལ་བྱེད་ཀྱི་ཡིན”ཞེས་པའི་བར་འགྱུར་ལྡོག་བྱུང་ཡོད།
         “བོད་ཀྱི་དབུལ་སྒྲོལ་འགག་སྒྲོལ་ནི་ས་གནས་དེ་གའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་གྲོས་བསྡུར་བྱ་གཞི་གལ་ཆེན་ཞིག་ཡིན་ལ་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཞིག་ཀྱང་ཡིན། དཀའ་ངལ་མང་དག་ཅིག་འཕྲད་ཀྱང་། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བྱམས་བརྩེའི་ཐུགས་ཁུར་དང་སྤུན་ཟླའི་ཞིང་ཆེན་དང་གྲོང་ཁྱེར་དང་རྒྱལ་ཡོངས་མི་དམངས་ཀྱི་ཤུགས་ཆེའི་རྒྱབ་སྐྱོར་འོག་ང་ཚོས་གོང་འོག་འབད་བརྩོན་དང་ཚན་རིག་དང་མཐུན་པའི་སྒོ་ནས་སྲིད་ཇུས་ལག་བསྟར་གནས་ལ་འཁེལ་བ་བྱས་ཚེ། 2020ལོར་སླེབས་སྐབས་དུས་བཀག་ལྟར་དབུལ་སྒྲོལ་འགག་སྒྲོལ་གྱི་ལས་འགན་ཏན་ཏིག་སྒྲུབ་ནས་རྒྱལ་ཡོངས་མི་དམངས་དང་མཉམ་དུ་འབྱོར་འབྲིང་སྤྱི་ཚོགས་ཕྱོགས་སུ་བསྐྱོད་ཐུབ་ངེས་ཡིན”ཞེས་བོད་རང་སྐྱོང་ལྗོངས་ཀྱི་འགན་འཁུར་བ་གཙོ་བོས་གསར་འགོད་པའི་བཅར་འདྲི་དང་ལེན་བྱེད་སྐབས་དེ་ལྟར་བཤད།
      

    ཕྱོགས་བསྡུས་གསར་འགྱུར།