འཚོལ་བཤེར།   
藏文频道
2016ལོའི་ཟླ་8ཚེས་10ཉིན།
  • མི་དམངས་དྲ་བ།

    ༄༅།།ཟི་ལིང་གི་ལས་བྱེད་པ་ས་ཁོངས་སྒྲོལ་ནས་གོ་གནས་སྤེལ་རེས་བྱེད་པའི་ཐོག་མའི་ལས་དོན་
    ལ་གྲུབ་འབྲས་ཐོབ་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 08ཚེས་10ཉིན། 13:52】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། “ལོ་གསུམ་གྱི་གོ་གནས་ཁུར་བའི་དུས་ཚོད་གཙང་གྲབས་ཡོད་པས་རྩ་འཛུགས་ཀྱིས་ང་ཚོ་སྒེར་ལ་བསམ་འཆར་ཡོད་མེད་དྲིས་བྱུང་། ངས་བསམ་བློ་ཡུན་རིང་བཏང་རྗེས། མཐར་མུ་མཐུད་སྡོད་རྒྱུའི་ཐག་བཅད་པ་ཡིན། ལོ་གསུམ་ནང་ང་དང་ས་གནས་དེ་གའི་ལས་བྱེད་པ་དང་མང་ཚོགས་དབར་འབྲལ་མི་ཕོད་པའི་བརྩེ་དུང་ཡོད་ལ། ལས་ཀའི་ཉམས་མྱོང་བཟང་པོ་སྟོང་སྐོར་རྫོང་དུ་འཇོག་ཐུབ་རྒྱུའི་རེ་བ་ཡོད”ཅེས་ཟི་ལིང་གྲོང་ཁྱེར་གྲོང་བྱང་ཆུས་གྲོང་ཁྱེར་དོ་དམ་ཅུས་ཀྱིས་སྟོང་སྐོར་རྫོང་དུ་བཏང་བའི་ལས་བྱེད་པ་ལིའུ་ཆིང་མིན་གྱིས་དེ་ལྟར་བརྗོད་བྱུང་།
         གོ་གནས་སྤེལ་རེས་ཀྱི་ལས་དོན་དེ་2013ལོར་འགོ་ཚུགས་ཤིང་། ཟི་ལིང་གྲོང་ཁྱེར་གྱིས་རྒྱལ་ཡོངས་ཤེས་དཔལ་གྲོང་ཁྱེར་སྲོལ་གཏོད་ལས་དོན་སྤེལ་ཚུན་གྲོང་ཁུལ་གྱི་རྣམ་པར་འགྱུར་ལྡོག་ཆེན་པོ་ཕྱིན་ཡོད། འོན་ཀྱང་གྲོང་ཁྱེར་ཁོངས་གཏོགས་ཀྱི་རྫོང་གསུམ་གྱི་གྲོང་རྡལ་ལ་ལར་ད་དུང“བཙོག་ཟིང་ཞན”གསུམ་གྱི་གནས་ཚུལ་ཚབས་ཆེ་ཙམ་ཡོད་པ་དང་གྲོང་ཁུལ་དང་རྫོང་ཁོངས་གྲོང་ཁྱེར་གྱི་དོ་དམ་ལས་དོན་དོ་སྙོམས་མེད་པའི་གནད་དོན་སྔར་བཞིན་མངོན་གསལ་དོད་པོ་ཡོད།
         གནས་ཚུལ་དེ་དག་ལ་དམིགས་ནས། ཟི་ལིང་གྲོང་ཨུད་ཀྱི་བཀོད་སྒྲིག་གཞིར་བཟུང་གྲོང་ཨུད་རྩ་འཛུགས་པུས་འབྲེལ་ཡོད་སྡེ་ཚན་དང་མཉམ་དུ་གྲོང་ཁྱེར་དང་ཆུས་རིམ་པ་གཉིས་ཀྱི་གྲོང་ཁྱེར་དོ་དམ་སྡེ་ཚན་གྱི་ལིའུ་ཆིང་མིན་སོགས་ལས་ཀ་བྱང་ཆུབ་པའི་ལས་བྱེད་པ་བདུན་རྫོང་གསུམ་གྱི་གྲོང་ཁྱེར་དོ་དམ་སྡེ་ཚན་དང་གཙོ་གནད་ཤང་གྲོང་དུ་བཏང་ནས་ལོ་གསུམ་གྱི་གོ་གནས་ཁུར་དུ་བཅུག་པ་དང་ཆབས་ཅིག་རྫོང་གསུམ་ནས་གྲོང་ཁྱེར་དོ་དམ་ལས་དོན་གྱི་འགན་ཁུར་མཁན་ཤང་ཀྲང་གཞོན་པ་དང་ཀྲེན་ཀྲང་གཞོན་པ་དང་དེ་བཞིན་གྲོང་ཁྱེར་དོ་དམ་གྱི་ལས་བྱེད་པ་དྲུག་གྲོང་ཁུལ་དོ་དམ་སྡེ་ཚན་དུ་གྲོང་ཁྱེར་དོ་དམ་ལས་དོན་གྱི་འདུ་ཤེས་གསར་པ་དང་བྱེད་ཐབས་གསར་པ་སློབ་སྦྱོང་བྱེད་པར་བཏང་བ་རེད།
         དུས་ཡུན་རིང་པོའི་ནང་ཁོའོ་རིམ་པའི་ལས་བྱེད་པ་ས་ཁོངས་ལས་སྒྲོལ་བ་དང་། ཚན་པ་ལས་སྒྲོལ་བ། ལས་རིགས་ལས་སྒྲོལ་བ་བཅས་ཀྱི་སྤེལ་རེས་ཀྱི་མཁར་རྫོང་གཏོད་རྒྱུ་དེ་ནི་ལས་བྱེད་པའི་དོ་དམ་ལས་དོན་ནང་གི་དཀའ་གནད་ཅིག་ཡིན། ད་ཐེངས་ལས་བྱེད་པ་ས་ཁོངས་སྒྲོལ་ནས་གོ་གནས་སྤེལ་རེས་ཀྱི་ལས་དོན་སྤེལ་བར་བརྟེན་ལྟེ་བའི་ལས་དོན་ལ་སྐུལ་མ་ཐེབས་པ་དང་ཆབས་ཅིག་ཟི་ལིང་གྲོང་ཁྱེར་གྱི་ཁོའོ་རིམ་པའི་ལས་བྱེད་པ་ས་ཁོངས་སྒྲོལ་ནས་སྤེལ་རེས་བྱེད་པའི་ལག་ལེན་འཚོལ་ཞིབ་བྱ་རྒྱུར་སྐུལ་མ་ཐེབས་ཡོད། ད་ཐེངས་ཀྱི་སྤེལ་རེས་ལས་དོན་དེ་སྲོལ་རྒྱུན་གྱི་གོ་གནས་སོར་འཇོག་སྦྱོང་བརྡར་གྱི་བྱེད་ཐབས་དང་མི་འདྲ་བར། གྲོང་ཁུལ་ནས་རྫོང་གསུམ་བར་གྱི་གོ་གནས་སྤེལ་རེས་ལས་བྱེད་པར་ཕྱོགས་གཅིག་ནས་ལས་སྒྱུར་གྱི་འགྲོ་ལུགས་ཐད་ཀར་གཉེར་ནས་མངགས་གཏོང་ཚན་པ་དང་འབྲེལ་བ་མེད་པ་བཟོས་པ་དང་འབྲེལ་འགན་ཁུར་སའི་ས་ཁུལ་རྩ་འཛུགས་སྡེ་ཚན་གྱིས་རྒྱུན་དུ་དོ་དམ་དང་དཔྱད་ཞིབ་བྱེད་པར་བརྟེན་གོ་གནས་འཁུར་མཁན་ལས་བྱེད་པ“མགྲོན་པོ”ནས“སྦྱིན་བདག”ལ་གྱུར་པ་དང་། གཅིག་ཤོས་ནས་གོ་གནས་སྤེལ་རེས་ལས་བྱེད་པར་ལས་སྒྱུར་གྱི་འགྲོ་ལུགས་མ་གཉེར་གོང་མངགས་གཏོང་ཚན་པས་《གཞུང་ཞབས་པའི་བཅའ་ཁྲིམས་》དང་《ལས་བྱེད་པ་བསྐོ་སྤྱོད་སྲོལ་ཡིག་》སོགས་ནང་གཏན་འབེབས་བྱས་པའི་ཐོབ་ཐང་དང་། ཆ་རྐྱེན། བརྒྱུད་རིམ་བཅས་གཞིར་བཟུང་གོ་གནས་སྤར་རྗེས་ས་ཆ་གཞན་དུ་གོ་གནས་སྤེལ་རེས་བྱེད་ཀྱི་ཡོད། གོ་གནས་སྤོར་རྒྱུ་དང་སྤེལ་རེས་ཟུང་འབྲེལ་བྱས་པར་བརྟེན་གོ་གནས་ཁུར་མཁན་ལས་བྱེད་པའི་ལས་ཀའི་ཧུར་བརྩོན་རང་བཞིན་ཆེ་རུ་འགྲོ་ཐུབ་པ་བྱུང་ཡོད།
      

    ཕྱོགས་བསྡུས་གསར་འགྱུར།