འཚོལ་བཤེར།   
藏文频道
2016ལོའི་ཟླ་8ཚེས་2ཉིན།
  • མི་དམངས་དྲ་བ།

    ༄༅།།སྐབས་དྲུག་པའི་པེ་ཅིང་(རྒྱལ་སྤྱིའི)བོད་རིག་པའི་དཔྱད་གླེང་གྲོས་ཚོགས་པེ་ཅིང་དུ་འཚོགས་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 08ཚེས་02ཉིན། 15:55】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
    ༄༅།།སྐབས་དྲུག་པའི་པེ་ཅིང་(རྒྱལ་སྤྱིའི)བོད་རིག་པའི་དཔྱད་གླེང་གྲོས་ཚོགས་པེ་ཅིང་དུ་འཚོགས་པ།
         མི་དམངས་དྲ་བའི་འཕྲིན། ཟླ་8ཚེས་2ཉིན་གྱི་སྔ་དྲོར། ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་དང་། ཀྲུང་གོའི་བོད་ལྗོངས་ཀྱི་རིག་གནས་སྲུང་སྤེལ་མཐུན་ཚོགས། བོད་རང་སྐྱོང་ལྗོངས་སྤྱི་ཚོགས་ཚན་རིག་ཁང་བཅས་ཀྱིས་གཙོ་གཉེར་གནང་བའི་སྐབས་དྲུག་པའི་པེ་ཅིང་(རྒྱལ་སྤྱིའི)བོད་རིག་པའི་དཔྱད་གླེང་གྲོས་ཚོགས་ཀྲུང་གོའི་བོད་བོད་རིག་པ་ཞིབ་འཇུག་ལྟེ་གནས་སུ་འཚོག་འགོ་བརྩམས་ཤིང་། སྐབས་འདིའི་དཔྱད་གླེང་གྲོས་ཚོགས་སུ་རྒྱལ་ནང་གི་མཁས་དབང་216དང་། ཕྱི་རྒྱལ་གྱི་མཁས་དབང་109བཅས་ཁྱོན་བསྡོམས་མཁས་དབང་325ཕེབས་ཡོད་པ་རེད། ཀྲུང་གོའི་བོད་ལྗོངས་ཀྱི་རིག་གནས་སྲུང་སྤེལ་མཐུན་ཚོགས་ཀྱི་ཚོགས་གཙོ་གཞོན་པའམ་དྲུང་ཡིག་ཆེ་མོ་ཀྲང་དབྱི་ཅུང་(张裔炯)དང་། ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་ཀྱི་སྤྱི་ཁྱབ་ལས་འཛིན་གཞོན་པ་ཡིའུ་ལུའོ་ཕིང་(游洛屏)། བོད་རང་སྐྱོང་ལྗོངས་སྤྱི་ཚོགས་ཚན་རིག་ཁང་གི་འགོ་འཛིན་པདྨ་རྣམ་རྒྱལ་གསུམ་གྱིས་སྔ་གཞུག་ཏུ་གཏམ་བཤད་གནང་བ་རེད།
         པེ་ཅིང་(རྒྱལ་སྤྱིའི)བོད་རིག་པའི་དཔྱད་གླེང་གྲོས་ཚོགས་ནི་1991ལོ་ནས་བཟུང་གཉེར་འགོ་བརྩམས་ཤིང་། ད་བར་དུ་སྐབས་5གཙོ་གཉེར་གནང་ཡོད་པ་རེད། ལོ་25ཡི་རིང་ལ། དཔྱད་གླེང་གྲོས་ཚོགས་འཚོག་པའི་གཞི་རྒྱ་རིམ་བཞིན་རྒྱ་སྐྱེད་བཏང་བ་དང་། རིག་གཞུང་ཆུ་ཚད་རིམ་བཞིན་མཐོ་རུ་ཕྱིན་པ། རིག་གཞུང་གྲུབ་འབྲས་ཟམ་མ་ཆད་པར་ཕུན་སུམ་ཇེ་ཚོགས་སུ་ཕྱིན་པ། ཆ་འཕྲིན་སྤེལ་རེས་རྒྱུན་མཐུད་ངང་གཏིང་ཟབ་ཏུ་སྤེལ་བ། དཔྱད་གླེང་བྱ་གཞི་རྒྱུན་ཆད་མེད་པར་མང་དུ་སོང་བ། ཞིབ་འཇུག་ཁྱབ་ཁོངས་ཟམ་མ་ཆད་པར་རྒྱ་བསྐྱེད་པ། ཚོགས་འདུའི་རིག་གཞུང་ཚན་ཁག་གི་ཚོགས་ཆུང་བགོ་སྟངས་ཉིན་བཞིན་ཞིབ་ཏུ་གྱུར་པ་བཅས་ཀྱིས་རིག་གཞུང་ལས་རིགས་དང་སྤྱི་ཚོགས་ལས་རིགས་ཁག་གིས་བོད་ཀྱི་ལོ་རྒྱུས་དང་རིག་གནས་ལ་རྒྱུས་ལོན་སྔར་ལས་གཏིང་ཟབ་བྱས་ཡོད་པ་མ་ཟད། རྒྱལ་སྤྱི་ཐོག་རང་རྒྱལ་སྲིད་གཞུང་གི་བོད་སྐྱོང་སྲིད་ཇུས་དང་བོད་ལྗོངས་ལ་ངོས་འཛིན་ནོར་འཁྲུལ་བྱས་ཚུལ་ཡོ་བསྲང་བྱས་པ་སོགས་ཀྱི་ཐད་ནུས་པ་གལ་ཆེན་འདོན་སྤེལ་བྱས་ཡོད། 
         གྲོས་ཚོགས་ཐོག་ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་ཀྱི་ཞིབ་འཇུག་པ་ལེན་ཞང་རྨིན་(廉湘民)དང་། སི་ཁྲོན་སློབ་ཆེན་གྱི་ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་ཀྱི་འཆད་ཁྲིད་དགེ་རྒན་ཆེ་མོ་པ་སངས་དབང་འདུས། ཨོ་སི་ཁྲུ་རི་ཡའི་ཚན་རིག་སློབ་གླིང་གི་དགེ་རྒན་ཆེ་མོ་སི་ཐན་དབྱིན་ཁའེ་ལེ(斯坦因凯勒)། མཉམ་འབྲེལ་རྒྱལ་ཚོགས་དཔལ་འབྱོར་འཕེལ་རྒྱས་མཉམ་ལས་རྣམ་གྲངས་ཀྱི་དབུ་བཞུགས་བློ་འདོན་པ་ལའེ་ཧྲང་ལུང་(赖尚龙)། ནུབ་བྱང་མི་རིགས་སློབ་ཆེན་གྱི་དགེ་རྒན་ཆེ་མོ་ཚེ་རིང་སོགས་རྒྱལ་ཁབ་ཕྱི་ནང་གི་མཁས་དབང་10ལྷག་གིས་གཏམ་བཤད་གནང་ནས"རྒྱུད་གཅིག་ལམ་གཅིག"འཐབ་ཇུས་ཀྱིས་བོད་ལྗོངས་རྒྱུན་མཐུད་འཕེལ་རྒྱས་ལ་བཏོན་པའི་གནད་དོན་དང་། ལེགས་སྦྱར་གྱི་ཤིང་ཏ་ལའི་ལོ་མའི་ཆོས་དཔེ་ཞིབ་འཇུག བོད་བརྒྱུད་ནང་བསྟན་གྱི་གསུང་རབ་ཞིབ་འཇུག སྤྲུལ་སྐུ་ངོས་འཛིན་བྱེད་སྲོལ་གྱི་ཞིབ་འཇུག བོད་རིགས་ས་ཁུལ་གྱི་སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་སོགས་ཀྱི་ཁྱབ་ཁོངས་ནས་སྤེལ་རེས་གནང་བ་རེད།
         རྒྱུས་ལོན་བྱུང་བ་ལྟར་ན། སྐབས་འདིའི་དཔྱད་གླེང་གྲོས་ཚོགས་ནི་ཉིན་གསུམ་རིང་ལ་འཚོག་རྒྱུ་ཡིན་པ་དང་། ཕྱི་དྲོ་ནས་བཟུང་ཚོ་ཆུང་བགོས་ནས་དཔྱད་གླེང་སྤེལ་རྒྱུ་ཡིན་ཞིང་། གྲོས་ཚོགས་འཚོག་རིང་ལ། བོད་རིག་པའི་ཞིབ་འཇུག་གི་ཁྱབ་ཁོངས་ཁག་དང་འབྲེལ་བ་ཡོད་པའི་དེང་རབས་ཀྱི་ཆབ་སྲིད་དང་། སྤྱི་ཚོགས་རིགས་བསྒྱུར་དང་འཕོ་འགྱུར། དཔལ་འབྱོར་འཕེལ་རྒྱས་དང་ཕྱོགས་ཡོངས་ནས་འབྱོར་འབྲིང་མངོན་འགྱུར། "རྒྱུད་གཅིག་ལམ་གཅིག"དང་ཨེ་ཤེ་ཡ་ལྷོ་མར་སྒོ་འབྱེད་པའི་བགྲོད་ལམ་གལ་ཆེན་འཛུགས་སྐྲུན་སོགས་ནས་དཔྱད་གླེང་བྱ་རྒྱུ་རེད། གཞན་ད་དུང་ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་ཀྱི་བོད་ལྗོངས་རིག་གནས་རྟེན་རྫས་བཤམས་མཛོད་ཁང་གི་སྤྲུལ་སྐུ་ཡང་སྲིད་སྐོར་གྱི་ཆེད་དོན་འགྲེམས་སྟོན་ལ་གཟིགས་ཞིབ་གནང་རྒྱུ་དང་། མི་རིགས་ཀྱི་ལོ་རྒྱུས་དངོས་མཚོན་ཆེད་དོན་གློག་བརྙན་《མི་ཡུལ་གྱི་དག་ཞིང་》ཞེས་པ་ཐོག་མར་བསྟན་རྒྱུ། མིང་དང་ཆིང་རྒྱལ་རབས་ནས་བཟུང་པེ་ཅིང་དང་སོག་པོའི་ས་ཁུལ་གྱི་བོད་ཡིག་ཚད་ལྡན་ཡིག་ཆ་འགྲེམས་སྟོན་སོགས་ཀྱི་བྱེད་སྒོ་སྤེལ་རྒྱུ་རེད།
    【1】  【2】  【3】  【4】  【5】  【6】  【7】  【8】
     
    【9】  【10】  【11】  【12】  【13】  【14】
    ༄༅།།སྐབས་དྲུག་པའི་པེ་ཅིང་(རྒྱལ་སྤྱིའི)བོད་རིག་པའི་དཔྱད་གླེང་གྲོས་ཚོགས་པེ་ཅིང་དུ་འཚོགས་པ།
      

    ཕྱོགས་བསྡུས་གསར་འགྱུར།