འཚོལ་བཤེར།   
藏文频道
2016ལོའི་ཟླ་4ཚེས་8ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་ལྗོངས་ཀྱིས་རེས་སྐོར་གསར་པའི་གྲོང་གསེབ་གློག་དྲ་སྒྱུར་བཀོད་ལས་གྲྭ་སྤེལ་འགོ་ཚུགས་པ།

    མི་ཁྲི་162ལ་ཕན་པ་ཐོབ་རྒྱུ་ཡིན་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 04ཚེས་08ཉིན། 09:56】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
         མི་དམངས་དྲ་བའི་འཕྲིན། གསར་འགོད་པར་རྒྱལ་ཁབ་གློག་དྲ་བོད་ལྗོངས་གློག་ཤུགས་ཚད་ཡོད་ཀུང་སི་ནས་ཤེས་རྟོགས་བྱུང་གསལ། 2016ལོ་དང་2017ལོའི་བོད་ཡོངས་ཀྱི་གྲོང་རྡལ་ཆུང་ངུ་དང་ལྟེ་བའི་གྲོང་ཚོའི་གྲོང་གསེབ་གློག་དྲ་སྒྱུར་བཀོད་རིམ་སྤོར་ལས་འགན་དེ་ཚེས་5ཉིན་ནས་ལག་བསྟར་བྱེད་འགོ་ཚུགས་པ་དེའི་ཐོག་ནས་བོད་ཀྱི་རེས་སྐོར་གསར་པའི་གྲོང་གསེབ་གློག་དྲ་སྒྱུར་བཀོད་རིམ་སྤོར་ལས་གྲྭ་དེ་དངོས་སུ་སྤེལ་འགོ་ཚུགས་པ་མཚོན་ཡོད་པ་རེད།
         ངོ་སྤྲོད་བྱས་པར་གཞིགས་ན། ཐེངས་འདིར་སྤེལ་འགོ་བཙུགས་པའི་བོད་ཡོངས་ཀྱི་གྲོང་རྡལ་ཆུང་ངུ་དང་ལྟེ་བའི་གྲོང་ཚོའི་གྲོང་གསེབ་གློག་དྲ་སྒྱུར་བཀོད་རིམ་སྤོར་ལས་གྲྭ་དེས་བོད་ཀྱི་གྲོང་རྡལ་ཆུང་ངུ་དང་ལྟེ་བའི་གྲོང་ཚོ་3300ཡི་གྲོང་གསེབ་གློག་དྲ་སྒྱུར་བཀོད་རིམ་སྤོར་བྱེད་རྒྱུ་ཡིན་པ་དེ་བོད་ཀྱི་རྫོང་66གི་མི་ཁྲི་162དང་འབྲེལ་ནས་ལྗོངས་ཡོངས་ཀྱི་ཞིང་འབྲོག་མི་འབོར་གྱི་70%ཟིན་པ་དང་། ཚོད་རྩིས་བརྒྱབ་ན་ལས་གྲྭ་དེར་མ་དངུལ་སྒོར་དུང་ཕྱུར་123.5གཏོང་རྒྱུ་ཡིན་པ་དེ་བོད་ཀྱི“ལོ་ལྔ་ཚན་བཅུ་གཉིས་པའི”གྲོང་གསེབ་གློག་དྲ་འཛུགས་སྐྲུན་གྱི་མ་འཇོག་བསྡོམས་འབོར་ལས་བརྒལ་ཡོད་པ་རེད།
         རྒྱལ་ཁབ་གློག་དྲ་བོད་ལྗོངས་གློག་ཤུགས་ཚད་ཡོད་ཀུང་སིའི་ཏུང་ཧྲི་ཀྲང་ལིའུ་ཞའོ་མིང་གིས་རེས་སྐོར་གསར་པའི་གྲོང་གསེབ་གློག་དྲ་སྒྱུར་བཀོད་རིམ་སྤོར་ལས་གྲྭས་བོད་ཀྱི་གྲོང་གསེབ་གློག་དྲའི་སྒྲོམ་གཞི་སྔར་བས་འཐུས་ཚང་དུ་བཏང་ནས་དབུལ་སྒྲོལ་འགག་སྒྲོལ་ལ་རམ་འདེགས་བྱེད་རྒྱུར་་ནུས་པ་གལ་ཆེན་འདོན་ཐུབ། ཐེངས་འདིའི་གློག་དྲ་འཛུགས་སྐྲུན་གྱིས་ལྗོངས་ཡོངས་ཀྱི་རྫོང་74ཡི་95%ཡན་གྱི་གྲོང་ཚོ་དང་གྲོང་རྡལ་གཙོ་བོར་ཁྱབ་པས་97%ཡན་གྱི་མི་འབོར་གྱིས་གློག་དྲ་ཆེན་པོའི་བློས་འགེལ་ཆོག་པའི་གློག་ཤུགས་སྤུས་ལེགས་སྤྱོད་ཐུབ་རྒྱུ་རེད་ཅེས་བཤད་པ་རེད།
         རང་བྱུང་ཆ་རྐྱེན་དང་དཔལ་འབྱོར་རྨང་གཞི་ཞན་པའི་དབང་གིས་བོད་ཀྱི་གློག་དྲ་གཙོ་བོས་ཐག་རིང་ལུང་ཁུག་གི་ཞིང་འབྲོག་ཁུལ་ཧྲིལ་པོར་ཁྱབ་མེད། བསྡོམས་རྩིས་བརྒྱབ་པར་གཞིགས་ན། 2011ལོའི་ལོ་མཇུག་བར་བོད་ཀྱི་སྲིད་འཛིན་གྲོང་ཚོ་40%ཡི་ཞིང་འབྲོག་པ་ཁྲི་52ད་དུང་གློག་མེད་མི་གྲངས་སུ་གཏོགས་པ་རེད།
         ཞིང་འབྲོག་ཁུལ་གྱི་གློག་ཤུགས་འཛུགས་སྐྲུན་གོམ་སྟབས་མགྱོགས་སུ་གཏོང་ཆེད། “ལོ་ལྔ་ཚན་བཅུ་གཉིས་པའི”རིང་རྒྱལ་ཁབ་གློག་དྲ་བོད་ལྗོངས་གློག་ཤུགས་ཚད་ཡོད་ཀུང་སིས་མ་དངུལ་སྒོར་དུང་ཕྱུར་90.84བཏང་ནས་གྲོང་གསེབ་གློག་དྲ་སྒྱུར་བཀོད་རིམ་སྤོར་དང་གློག་མེད་ས་ཁུལ་དུ་གློག་ཤུགས་འཛུགས་སྐྲུན་ལས་གྲྭ་སྤེལ་ནས་དུད་ཚང་ཁྲི་12ཀྱི་མི་ཁྲི་47གྱི་གློག་གི་གནད་དོན་ཐག་གཅོད་བྱས་པས་ཞིང་འབྲོག་ཁུལ་གྱི་ཐོན་སྐྱེད་དང་འཚོ་བའི་གློག་གི་ཆ་རྐྱེན་མངོན་གསལ་དོད་པོས་ལེགས་སུ་ཕྱིན་ཡོད་པ་རེད།
         གསར་འགོད་པས་ཤེས་རྟོགས་བྱུང་གསལ། “ལོ་ལྔ་ཚན་བཅུ་གསུམ་པའི”རིང་བོད་ཀྱི་གློག་དྲ་འཛུགས་སྐྲུན་གྱི་མ་འཇོག་གཞི་ཁྱོན་དེ“ལོ་ལྔ་ཚན་བཅུ་གཉིས་པའི”རྨང་གཞིའི་ཐོག་ལྡབ་གཅིག་འཕར་བར་བྱས་ཐོག་སི་ཁྲོན་དང་། ཁྲུང་ཆིང་། བོད་ལྗོངས་བཅས་ཀྱི་ལྷོ་ནུབ་མཉམ་འགྲོས་གློག་དྲ་སྐྲུན་མགྱོགས་སུ་བཏང་ནས་ཆན་ཧྥུའུ་500ཡི་དྲ་སྒྲོམ་གཙོ་བོ་དང་རིམ་ཁག་གློག་གནོན་གློག་དྲ་མཐུན་སྦྱོར་འཕེལ་རྒྱས་བྱེད་པའི་བོད་ཀྱི་གཅིག་གྱུར་གློག་དྲ་བསྐྲུན་ཏེ། བོད་དབུས་དང་། ཆབ་མདོ། མངའ་རིས་བཅས་ལྗོངས་ཡོངས་དྲ་སྦྲེལ་ཐུབ་རྒྱུ་མངོན་འགྱུར་བྱེད་རྒྱུ་ཡིན་པ་རེད།
         དེ་དང་ཆབས་ཅིག་བོད་ལྗོངས་གློག་དྲ་འཛུགས་སྐྲུན་གྱིས་ད་དུང་གློག་དྲ་གཙོ་བོའི་ཁྱབ་ཁོངས་སྔར་བས་ཆེ་རུ་གཏོང་རྒྱུ་ཡིན་པ་སྟེ། ད་ལྟའི་རྫོང་(གྲོང་ཁྱེར་དང་ཆུས་)58ནས་རྫོང་(གྲོང་ཁྱེར་དང་ཆུས་)74དང་དེ་བཞིན་ཤང་དང་གྲོང་རྡལ་བར་དུ་རྒྱ་བསྐྱེད་བཏང་ནས་བོད་ཀྱི་གྲོང་ཁྱེར་དང་གྲོང་རྡལ་གྱི་ཡུལ་མི་དང་དེ་བཞིན་ཞིང་འབྲོག་པ་ཚོའི་གློག་གི་གནད་དོན་རྩ་བ་ནས་ཐག་གཅོད་བྱེད་རྒྱུ་ཡིན་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།