འཚོལ་བཤེར།   
藏文频道
2016ལོའི་ཟླ་4ཚེས་8ཉིན།
  • མི་དམངས་དྲ་བ།

    ༄༅།།སི་ཁྲོན་གྱིས་གྲོང་ཚོ་དབུལ་པོ་དང་དུད་ཚང་དབུལ་པོའི་ཐོན་ལས་རོགས་སྐྱོར་གྱི་འཁོར་རྒྱུག་
    མ་དངུལ་བཀོད་སྒྲིག་བྱས་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 04ཚེས་08ཉིན། 09:54】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
         མི་དམངས་དྲ་བའི་འཕྲིན། “གྲོང་ཚོའི་ནང་ཐོན་ལས་འཕེལ་རྒྱས་གཏོང་བར་མ་དངུལ་ཡོད་པས་དུད་ཚང་དབུལ་པོས་འདེབས་འཛུགས་དང་གསོ་ཚགས་ལས་རིགས་གཉེར་བའི་མ་དངུལ་ཐད་སེམས་ཁྲལ་བྱེད་དགོས་དོན་མེད” སི་ཁྲོན་ཞིང་ཆེན་གྱིས་གྲོང་ཚོ་དབུལ་པོ་དང་དུད་ཚང་དབུལ་པོས་ཐོན་ལས་འཕེལ་རྒྱས་གཏོང་བའི་ཐད་ཆེད་མངགས་འཁོར་རྒྱུག་མ་དངུལ་བཀོད་སྒྲིག་བྱས་པས་ཏ་ཀྲོའུ་གྲོང་ཁྱེར་ཏ་ཀྲུའུ་རྫོང་ཧྲེན་ཧོ་ཤང་ཐེན་ཧྲུའེ་གྲོང་ཚོའི“ཧྲུའུ་ཅི་དང་པོ”ཅང་ཧྥན་གྱིས་དུད་ཚང་དབུལ་པོ་སྣེ་ཁྲིད་དེ་ཐོན་ལས་འཕེལ་རྒྱས་གཏོང་བའི་ཐད་ཡིད་ཆེས་ཀྱིས་ཁེངས་ཡོད།
         ཅང་ཧྥན་གྱིས་ངོ་སྤྲོད་བྱས་པར་གཞིགས་ན། སི་ཁྲོན་ཞིང་ཆེན་ནོར་སྲིད་ཐིང་གིས་ཉེ་ཆར་པར་འགྲེམས་བྱས་པའི་《སི་ཁྲོན་ཞིང་ཆེན་གྱི་གྲོང་ཚོ་དབུལ་པོ་དང་དུད་ཚང་དབུལ་པོའི་ཐོན་ལས་རོགས་སྐྱོར་གྱི་འཁོར་རྒྱུག་མ་དངུལ་དོ་དམ་བྱ་ཐབས་》(གཤམ་དུ་《བྱ་ཐབས་》ཞེས་བསྡུ་རྒྱུ)ཀྱི་གཏན་འབེབས་གཞིར་བཟུང་། ཐེན་ཧྲུའེ་གྲོང་ཚོའི་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོས་འདེབས་འཛུགས་ལས་རིགས་དང་། གསོ་ཚགས་ལས་རིགས། ཞིང་ལས་དང་ཡུལ་སྐོར་ཟུང་འབྲེལ་སོགས་ཐོན་ལས་འཕེལ་རྒྱས་བཏང་ཚེ་འཁོར་རྒྱུག་སྐྱེད་མེད་ཆེད་དོན་མ་དངུལ་སྒོར་ཁྲི་1ཐོབ་རྒྱུ་དང་དུས་ཡུན་རིང་ཤོས་ལོ་3སྤྱོད་ཆོག་གི་ཡོད་པ་རེད།
         ཤེས་རྟོགས་བྱུང་བར་གཞིགས་ན། རྫོང་(གྲོང་ཁྱེར་དང་ཆུས་)ཁག་གིས་གྲབས་གསོག་བྱས་པའི་འཁོར་རྒྱུག་མ་དངུལ་གྱི་འབོར་གྲངས་ལ་གཞིགས་ཏེ་གྲོང་ཚོར་བཀོད་སྒྲིག་བྱས་པའི་དངུལ་འབོར་གཏན་འཁེལ་བྱས་ཆོག ཐེན་ཧྲུའེ་གྲོང་ཚོར་སྒོར་ཁྲི་25ཡོད་པ་དེའི་ནང་ཞིང་ཆེན་རིམ་པའི་ཁ་གསབ་རོགས་དངུལ་ཚད་གཞི་སྒོར་ཁྲི་10ནས་ཁྲི་20བར་ཟིན་ཞིང་། ཁག་དེ་ཁོ་ནར་ཞིང་ཆེན་རིམ་པའི་ནོར་སྲིད་ཀྱིས་མ་དངུལ་སྒོར་དུང་ཕྱུར་20བཀོད་སྒྲིག་བྱས་པ་ལས་ཞིང་ཆེན་དེ་ཡོངས་ཀྱི་གྲོང་ཚོ་དབུལ་པོ་11501ལ་ཕན་པ་ཐོབ་རྒྱུ་རེད།
         འཁོར་རྒྱུག་མ་དངུལ་དོ་དམ་ཐད་《བྱ་ཐབས་》ནང་གཏན་འབེབས་བྱས་དོན། ཆ་རྐྱེན་ཡོད་པའི་ས་ཁུལ་དུ་གྲོང་ཚོ་དབུལ་པོ་སོ་སོས་དོ་དམ་བྱེད་ཆོག་པ་དང་ཆ་རྐྱེན་མེད་པའི་ས་ཁུལ་དུ་ཤང་གྲོང་ནོར་སྲིད་སྡེ་ཚན་ལ་དོ་དམ་བྱེད་དུ་འཇུག་དགོས། ཤང་གྲོང་དང་། གྲོང་ཚོ་ཨུ་ཡོན་ལྷན་ཁང་། གྲོང་ཚོར་བཅའ་སྡོད་ལས་དོན་ཚོགས་ཆུང་བཅས་ཀྱིས་དངུལ་བུན་གཡར་མཁན་དུད་ཚང་དབུལ་པོར་ཁྲིད་སྟོན་དང་ལྟ་སྐུལ་བྱ་རྒྱུར་ཤུགས་སྣོན་བརྒྱབ་ནས་དངུལ་བུན་དག་བླང་བྱ་ལྟར་སྤྱོད་ཐུབ་པའི་འགན་ལེན་བྱེད་དགོས། བླང་བྱ་ལྟར་གཡར་དངུལ་བེད་སྤྱོད་མི་བྱེད་མཁན་གྱི་དུད་ཚང་དབུལ་པོར་དེའི་འཁོར་རྒྱུག་མ་དངུལ་སྤྱོད་པའི་ཐོབ་ཐང་མེད་པར་བཟོ་བ་དང་འབྲེལ་བཅའ་ཁྲིམས་དང་ཁྲིམས་སྲོལ་ལྟར་འཁོར་རྒྱུག་མ་དངུལ་ཕྱིར་བསྡུ་དགོས། དངུལ་བུན་དུས་ཚད་ཐིམ་རྗེས་ད་དུང་གཡར་དངུལ་མི་འཇལ་མཁན་གྱི་དུད་ཚང་དབུལ་པོར་གྲོང་ཚོ་ཨུ་ཡོན་ལྷན་ཁང་དང་གྲོང་ཚོར་བཅའ་སྡོད་ལས་དོན་ཚོགས་ཆུང་གིས་ཚ་འདེད་གཏོང་དགོས། གན་རྒྱའི་ཁ་ཆད་ལྟར་གཡར་དངུལ་མི་འཇལ་མཁན་གྱི་དུད་ཚང་དབུལ་པོར་བཅའ་ཁྲིམས་བརྒྱུད་ཐག་གཅོད་བྱེད་དགོས་པ་བཅས་རེད།
      

    ཕྱོགས་བསྡུས་གསར་འགྱུར།