འཚོལ་བཤེར།   
藏文频道
2016ལོའི་ཟླ་4ཚེས་8ཉིན།
  • མི་དམངས་དྲ་བ།

    ༄༅།།ཀན་སུའུ་ཞིང་ཆེན་གྱིས་དྲ་སྦྲེལ་སྨན་ཁང་ལ་བརྟེན་ནས་ཐག་རིང་ལུང་ཁུག་བོད་རིགས་ས་ཁུལ་
    གྱི་ནད་པའི་ནད་གཞི་ལྟ་དཀའ་བའི་དཀའ་ངལ་སེལ་བ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 04ཚེས་08ཉིན། 09:46】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
         མི་དམངས་དྲ་བའི་འཕྲིན། ཚེས་6ཉིན་གྱི་སྔ་དྲོ་ཀན་སུའུ་ཞིང་ཆེན་དྲ་སྦྲེལ་སྨན་ཁང་དངོས་སུ་ལས་གཉེར་བྱེད་འགོ་ཚུགས་ཡོད། ཤེས་རྟོགས་བྱུང་བར་གཞིགས་ན། ནུབ་བྱང་ས་ཁུལ་གྱི་ཞིང་ཆེན་རིམ་པའི་དྲ་སྦྲེལ་སྨན་ཁང་ཨང་དང་པོ་ཡིན་པའི་ཆ་ནས། ཀན་སུའུ་ཞིང་ཆེན་དྲ་སྦྲེལ་སྨན་ཁང་གིས་རང་རྒྱལ་གྱི་ནུབ་རྒྱུད་ཞིང་ཆེན་དང་རང་སྐྱོང་ལྗོངས་དང་ལྷག་པར་དུ་བོད་རིགས་ས་ཁུལ་གྱི་མང་ཚོགས་ལ་སྤུས་ཚད་ལེགས་ལ་སྟབས་བདེ་བའི་སྨན་བཅོས་ཞབས་ཞུ་མཁོ་འདོན་བྱ་རྒྱུ་ཡིན་པ་རེད།
         དྲ་སྦྲེལ་སྨན་ཁང་ནི་དྲ་སྦྲེལ་ལག་རྩལ་ལ་བརྟེན་ནས་རྒྱལ་ཡོངས་ཀྱི་ནད་པ་དང་། སྨན་པ། སྨན་ཁང་། སྨན་རྫས་མཁོ་འདོན་མ་ལག སྨན་བཅོས་འགན་ལེན་བཅས་འབྲེལ་མཐུད་ཀྱི་སྨན་བཅོས་བདེ་ཐང་གི་ཞབས་ཞུའི་ལས་སྟེགས་ཤིག་ཡིན་པ་དང་། དེའི་བྱེད་ནུས་དང་ཞབས་ཞུ་གཙོ་བོ་ནི་ཡུལ་མིའི་བདེ་ཐང་ཡིག་ཚགས་དང་། འགན་འཁྲི་འཁུར་མཁན་སྨན་པ་དང་གན་རྒྱ་འཇོག་པ་དང་ཞབས་ཞུ་སྒྲུབ་པ། ཐག་རིང་སྨན་བཅོས། སྨན་རིན་གཏོང་སྤྲོད་དང་རྩིས་རྒྱག་སོགས་ཚུད་ཡོད་པ་རེད།
         མིག་སྔར་ཀན་སུའུ་ཞིང་ཆེན་དྲ་སྦྲེལ་སྨན་ཁང་གིས་ཁག་དང་པོར་ཀན་སུའུ་ཞིང་ཆེན་མི་དམངས་སྨན་ཁང་གཉིས་པ་དང་ཀན་སུའུ་ཝུའུ་ཝེ་འབྲས་སྐྲན་སྨན་ཁང་སོགས་ཞིང་ཆེན་དང་གྲོང་ཁྱེར་གྱི་རིམ་གསུམ་སྨན་ཁང་དང་། དེ་བཞིན་ཀན་ལྷོ་བོད་རིགས་རང་སྐྱོང་ཀྲོའུ་ཅོ་ནེ་རྫོང་སོགས་ཀྱི་རྫོང་མི་དམངས་སྨན་ཁང་20ལྷག་ཙམ་དང་གཞི་རིམ་གྱི་སྨན་བཅོས་སྒྲིག་གཞི་ཁག་གཅིག་དབར་འབྲེལ་མཐུད་བྱས་པ་དང་། གོམ་སྟབས་རྗེས་མར་ད་དུང་སྨན་ཁང་20དང་འབྲེལ་མཐུད་བྱ་རྒྱུ་རེད།
         ངོ་སྤྲོད་བྱས་པར་གཞིགས་ན། སླད་ཕྱིན་ཀན་སུའུ་ཞིང་ཆེན་དང་ཡང་ན་ནུབ་བྱང་ས་ཁུལ་གྱི་ནད་པས་ཀན་སུའུ་ཞིང་ཆེན་དྲ་སྦྲེལ་སྨན་ཁང་གི་ལས་སྟེགས་ཐོག་ལག་ཐོགས་ཁ་པར་དང་། iPad PCསོགས་བརྒྱུད་དེ་ཨང་ཀི་སྔོན་མངགས་བྱེད་ཆོག་པ་དང་། དྲ་རྒྱའི་བརྙན་ལམ་བརྒྱུད་དེ་སྨན་བཅོས་ལེགས་གྲུབ་བྱེད་པའི་ནང་གློག་རྡུལ་སྨན་ཐོ་འབྲི་བ་དང་སྨན་ལེན་སྟངས་ཚུད་ཡོད་པ་རེད།
         ཀན་སུའུ་ཞིང་ཆེན་དྲ་སྦྲེལ་སྨན་ཁང་མཉམ་འཛུགས་ཕྱོགས་དང་ཀན་སུའུ་ཞིང་ཆེན་མི་དམངས་སྨན་ཁང་གཉིས་པའི་ཡོན་ཀྲང་སྨི་ཏེང་ཧའེ་ཡིས་ཀན་སུའུ་ཞིང་ཆེན་དྲ་སྦྲེལ་སྨན་ཁང་ནི་ནུབ་བྱང་ས་ཁུལ་གྱི་ཞིང་ཆེན་རིམ་པའི་དྲ་སྦྲེལ་སྨན་ཁང་ཨང་དང་པོ་དེ་ཡིན་པ་དང་། དྲ་སྦྲེལ་སྨན་ཁང་རིམ་བཞིན་འབྲེལ་མཐུད་ཐུབ་པ་དེ་བོད་རིགས་ས་ཁུལ་དང་ཐག་རིང་ལུང་ཁུག་ས་ཁུལ་དུ“སྨན་བཅོས་ཁང”རེ་རེ་བཞིན་བསྐྲུན་པ་དང་མཚུངས་པས། བོད་རིགས་ས་ཁུལ་གྱི་མང་ཚོགས་ཚོས་ཐག་ཉེ་སའི་སྨན་ཁང་དང་ཐ་ན་རང་ཉིད་ཀྱིས་དྲ་རྒྱའི་སྒྲིག་ཆས་བརྒྱུད་དེ་སྨན་ཁང་ཆེ་གྲས་ཀྱི་རིགས་གཅིག་མཁས་ཅན་འཚོལ་ཐུབ་ཀྱི་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།