འཚོལ་བཤེར།   
藏文频道
2016ལོའི་ཟླ་4ཚེས་8ཉིན།
  • མི་དམངས་དྲ་བ།

    ༄༅།།གསར་འགྱུར་ལས་རིགས་ཀྱི་ལོ་ཙཱ་བར་ཚང་དགོས་པའི་ཆ་རྐྱེན་སྐོར་ཅུང་ཟད་གླེང་བ།

    ཡོངས་ཁུངས། བོད་ལྗོངས་ཉིན་རེའི་ཚགས་པར།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 04ཚེས་08ཉིན། 09:38】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         ཡིག་སྒྱུར་གྱི་ཕྱག་ལས་གནང་མཁན་རྣམས་དང་། ལྷག་པར་དུ་གསར་འགྱུར་ལས་རིགས་ཀྱི་ལོ་ཙཱ་བ་ཞིག་གི་ངོས་ནས་བརྗོད་ན་ངེས་པར་དུ་འཛོམས་དགོས་པའི་ཆ་རྐྱེན་གལ་ཆེན་ཁག་གཅིག་ཡོད་པ་ནི་བོད་རྒྱ་ཡིག་རིགས་གཉིས་ཀྱི་བྱང་ཚད་ངེས་ཅན་ལྡན་དགོས་པ་དང་གཅིག སྔ་དེང་བོད་ཀྱི་རིག་གནས་སྤྱི་དང་སྤྱི་ཚོགས་འཚོ་བའི་ཁྲོད་ཀྱི་བྱ་དངོས་ཡོད་དོ་ཅོག་གི་ངོ་བོ་དང་ཁྱད་ཆོས་སོགས་བློར་ཆུད་དགོས་པ་དང་གཉིས། བརྡ་དང་ཐ་སྙད་ཇི་ཡོད་བློར་ཆུད་པ་བྱས་ཏེ་བརྗོད་བྱའི་དོན་གང་ཞིག་བསྟན་དགོས་ཀྱང་ཐོགས་མེད་དུ་སྦྱོར་ཐུབ་པའི་ཤེས་རྒྱ་དགོས་པ་དང་གསུམ། དེ་བཞིན་མ་ཡིག་ཐད་སྒྱུར་ཐུབ་པ་ཙམ་མིན་པར། མ་ཡིག་རྩོམ་པ་པོས་བརྩམས་ཆོས་དེ་ཇི་ལྟར་བྱས་ནས་སྒྲུབ་ཚུལ་ཡང་རགས་ཙམ་རྟོགས་ཐུབ་པ་བྱེད་དགོས་པ་དང་བཞི། གཞན་ཡང་གསར་འགྱུར་ལོ་ཙཱ་བར་ཆབ་སྲིད་ཀྱི་ནང་དོན་སྣ་ཚོགས་རྟག་ཏུ་འཕྲད་པ་ཞིག་ཡིན་པས་ཆབ་སྲིད་ཀྱི་རྟོགས་པ་མཐོ་པོ་ཡོད་དགོས་པ་དང་ལྔ། དེ་བས་ཀྱང་བརྗོད་དགོས་པ་ཞིག་ལ་བྱ་བ་གང་ཞིག་མཐར་སོན་པ་དང་ཡང་རྩེར་སོན་པ་ཞིག་དགོས་ཕྱིར། འགན་སེམས་ཆེན་པོ་དང་། ཡར་ཐོན་ཇི་ཙམ་བྱུང་ཡང་མདུན་སྐྱོད་ཀྱི་གོམ་སྟབས་སྤོ་མཚམས་མི་འཇོག་པའི་བློ་སྐྱེད་ལྡན་དགོས་པ་སོགས་ཡིན་པས། འདིར་ཁོ་བོས་གོང་གསལ་ཕྱོགས་དེ་དག་གི་སྐོར་ཅུང་ཟད་གླེང་བར་བྱ།
          གཅིག ལོ་ཙཱ་བའི་བསམ་བློ་ཆབ་སྲིད་ཀྱི་གོ་རྟོགས་མཐོ་པོ་ཡོད་དགོས་པའི་སྐོར།
         ཆབ་སྲིད་ཀྱི་ལྟ་བས་གསར་འགྱུར་དཔུང་ཁག་གི་རིན་ཐང་སྤང་བླང་གང་ཞིག་བྱ་རྒྱུའི་གནད་དོན་མཚོན་གྱི་ཡོད་ཅིང་། ཆབ་སྲིད་ཀྱི་ལྟ་བ་ཡང་དག་པ་ཞིག་འཛུགས་རྒྱུ་ནི་ཚན་རིག་དང་མཐུན་པའི་གོང་འཕེལ་ལྟ་བ་ལག་བསྟར་དོན་འཁྱོལ་ཡོང་བའི་གང་ཆེའི་རྨང་གཞི་ལྟ་བུ་ཡིན། གསར་འགྱུར་བྱ་གཞག་འཛུགས་སྐྲུན་ཁྲོད་དུ་ཚན་རིག་དང་མཐུན་པའི་གོང་འཕེལ་ལྟ་བ་ལག་བསྟར་དོན་འཁྱོལ་ཡོང་བར་སྔོན་ལ་ཚན་རིག་དང་མཐུན་པའི་གོང་འཕེལ་ལྟ་བ་དང་འཚམ་པའི་ཆབ་སྲིད་ཀྱི་ལྟ་བ་འཛུགས་དགོས། བསམ་བློ་ཆབ་སྲིད་ཀྱི་ལྟ་བ་ནི་དེང་སྐབས་གསར་འགྱུར་ལས་རིགས་ཀྱི་ལོ་ཙཱ་བར་མཁོ་བའི་ཆ་རྐྱེན་མེད་དུ་མི་རུང་བ་ཞིག་རེད། གལ་སྲིད་དེང་སྐབས་གསར་འགྱུར་ལས་རིགས་ཀྱི་ལོ་ཙཱ་བར་བསམ་བློ་ཆབ་སྲིད་ཀྱི་བླང་བྱ་མཐོ་པོ་མེད་ཚེ་དེས་གསར་འགྱུར་ལས་རིགས་ཀྱི་ཡིག་སྒྱུར་ལས་དོན་ཡག་པོ་ཞིག་བསྒྲུབ་ཐབས་བྲལ། བསམ་བློ་ཆབ་སྲིད་ཀྱི་བླང་བྱ་ཞེས་པ་ནི་གཙོ་བོ་གསར་འགྱུར་ལས་རིགས་ཀྱི་ལོ་ཙཱ་བ་དེར་མར་ཁེ་སི་རིང་ལུགས་ཀྱི་གསར་འགྱུར་ལྟ་བ་ཡང་དག་པ་རང་ཉིད་ཀྱི་བློ་ལ་བརྟན་པོ་ཡོད་དགོས་པ་མ་ཟད། དོན་དངོས་ཀྱི་ཡིག་སྒྱུར་བྱ་བའི་ནང་མར་ཁེ་སི་རིང་ལུགས་ཀྱི་ལངས་ཕྱོགས་དང་ལྟ་བས་ཡིག་སྒྱུར་གྱི་བྱ་རིམ་ཧྲིལ་པོར་མཛུབ་ཁྲིད་བྱེད་དགོས། ལྷག་པར་དུ་ཏང་གི་རྩ་བའི་རྩ་དོན་དང་། ལམ་ཕྱོགས། བྱེད་ཕྱོགས། སྲིད་ཇུས། དོན་ཆེན་ཁག་སོགས་རང་ཉིད་ཀྱི་བློ་ལ་གསལ་པོ་ཡོད་དགོས། དེ་འདྲ་བྱུང་ན། གསར་འགྱུར་ཡིག་སྒྱུར་བྱེད་སྐབས་བསྒྱུར་བྱའི་ནང་དོན་གྱི་ཆབ་སྲིད་ཁ་ཕྱོགས་འཕྱུགས་པ་མེད་པར་སྟོན་ཐུབ་པ་ཡོང་བ་དང་། ཀློག་པ་པོས་ཆབ་སྲིད་ལ་གོ་བ་ལོན་བདེ་པོ་ཡོང་ཐུབ། རང་ཉིད་ཀྱི་བསམ་བློ་ཆབ་སྲིད་ཀྱི་ཆུ་ཚད་མཐོ་པོ་མེད་ན། གསར་འགྱུར་ཡིག་སྒྱུར་བྱེད་སྐབས་འབྲེལ་ཡོད་ཆབ་སྲིད་སྐོར་གྱི་མིང་ཚིག་ཐུག་སྐབས་རྨོངས་ཤིང་འཐོམས་པ་དང་། ཐ་ན་གོ་བ་ལོག་སྒྲུབ་ཀྱིས་སྒྱུར་ནོར་ཤོར་བ་ཡང་ཡོང་སྲིད་པས་དེ་ནི་ཆབ་སྲིད་ཀྱི་ཁ་ཕྱོགས་རང་ཉིད་ཀྱིས་ནོར་འཛོལ་དུ་གཏོང་ཉེན་ཡོད་པ་ཞིག་ཡིན་པས་དེས་ན་གསར་འགྱུར་ལས་རིགས་ཀྱི་ལོ་ཙཱ་བར་བསམ་བློ་ཆབ་སྲིད་ཀྱི་བླང་བྱ་མཐོ་པོ་དགོས་པ་ནི་ཐོག་མའི་ཆ་རྐྱེན་དང་པོ་དེ་ཡིན། གལ་ཏེ་གསར་འགྱུར་ལས་རིགས་ཀྱི་ལོ་ཙཱ་བར་བསམ་བློ་ཆབ་སྲིད་ཀྱི་བླང་བྱ་མཐོ་པོ་མེད་ཚེ། གསར་འགྱུར་ལས་རིགས་ཀྱི་ཏང་གི་བསམ་ཕྱོགས་དང་། བྱེད་ཕྱོགས། སྲིད་ཇུས་སོགས་རྒྱ་ཆེའི་མི་དམངས་མང་ཚོགས་ལ་དྲིལ་བསྒྲགས་བྱེད་རྒྱུའི་གཟི་བརྗིད་ཆེ་བའི་ལས་འགན་དེ་བསྒྲུབ་རྒྱུ་ལྟ་ཅི། དེ་ལས་ལྡོག་པའི་ནུས་པ་ཐོན་སྲིད་པས། བསམ་བློ་ཆབ་སྲིད་ཀྱི་བླང་བྱ་མཐོ་པོ་དགོས་པ་ནི་དེང་སྐབས་གསར་འགྱུར་ལས་རིགས་ཀྱི་ལོ་ཙཱ་བར་ངེས་པར་དུ་ཚང་དགོས་པའི་ཆ་རྐྱེན་ཞིག་རེད། དེ་ཡང་གསལ་ཙམ་བཤད་ན། གསར་འགྱུར་དཔུང་ཁག་གིས་ཏང་གི་རིགས་པའི་གཞུང་ལུགས་ཀྱིས་བསམ་བློར་དྲག་ཆས་སྤྲོས་རྒྱུ་རྒྱུན་འཁྱོངས་དང་། གསར་འགྱུར་དྲིལ་བསྒྲགས་ཀྱི་ནུས་རྩལ་མཐོ་རུ་གཏོང་རྒྱུ་དེ་ཆབ་སྲིད་ཀྱི་ལྟ་བ་ཆེ་ཤོས་སུ་བརྩིས་ཏེ་དོན་དངོས་དང་ཉེ་བཅར་དང་། འཚོ་བ་དང་ཉེ་བཅར། མང་ཚོགས་དང་ཉེ་བཅར་བཅས་རྒྱུན་འཁྱོངས་བྱས་ནས་བློ་གཅིག་སེམས་གཅིག་གིས་མང་ཚོགས་ལ་ཞབས་འདེགས་ཞུ་རྒྱུ་དེ་ཆབ་སྲིད་ཀྱི་ལྟ་བ་ཡང་དག་པ་ཡིན་མིན་གྱི་གཞི་རྩའི་དམིགས་ཚད་དུ་བཞག་ནས་ལག་ལེན་དང་། མང་ཚོགས། ལོ་རྒྱུས་བཅས་ཀྱི་ཞིབ་དཔྱད་ཉམས་སད་ཐེག་ཐུབ་པའི་དྲིལ་བསྒྲགས་ཀྱི་ཕན་འབྲས་ཐོན་རྒྱུར་བསམ་བློ་གང་མང་གཏོང་དགོས། ད་དུང་དྲིལ་བསྒྲགས་ལས་དོན་གྱི་ཁ་ཕྱོགས་དུས་དང་རྣམ་པ་ཀུན་ཏུ་དཔལ་འབྱོར་འཛུགས་སྐྲུན་གྱི་ལྟེ་བར་དམ་པོར་དམིགས་ཏེ་འཕེལ་རྒྱས་དང་བརྟན་ལྷིང་གི་འབྲེལ་བ་གསལ་རྟོགས་དང་། འཕེལ་རྒྱས་དང་བརྟན་ལྷིང་གི་དམིགས་ཡུལ་ཆེན་པོ་གཉིས་ལེགས་གྲུབ་བྱེད་ཆེད་ནུས་ཤུགས་ཡོད་ཚད་འདོན་དགོས་ཤིང་། ངེས་པར་དུ་ཏང་གིས་གསར་འགྱུར་དྲིལ་བསྒྲགས་ལས་དོན་ཐད་འགོ་ཁྲིད་བྱ་རྒྱུ་རྒྱུན་འཁྱོངས་བྱས་ཐོག་གསར་འགྱུར་བྱ་གཞག་འཛུགས་སྐྲུན་གྱི་ཁ་ཕྱོགས་ཡང་དག་སྟངས་འཛིན་དང་། ཏང་གི་གསར་འགྱུར་བྱ་གཞག་ལ་ལྷག་བསམ་རྣམ་དག་དང་ཏང་གཤིས་རྩ་དོན་རྒྱུན་འཁྱོངས་ཀྱིས་ནན་ཏན་གྱི་སྒོ་ནས་ཏང་གི་ལམ་ཕྱོགས་དང་། བྱེད་ཕྱོགས། སྲིད་ཇུས་བཅས་སློབ་སྦྱོང་དྲིལ་བསྒྲགས་དང་ལག་བསྟར་མཐར་ཕྱིན་བྱེད་པ། ངེས་པར་དུ་གསར་འགྱུར་དཔུང་ཁག་གསོ་སྦྱོང་ལས་དོན་དེ་གལ་ཆེའི་གནས་བབ་ཐོག་བཞག་ནས་དོན་དངོས་དང་བསྟུན་ཏེ་རང་ངོས་ཀྱི་བྱང་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་དགོས། གཞན་ཡང་གསར་འགྱུར་བྱ་གཞག་འཛུགས་སྐྲུན་བྱེད་པའི་ཁྲོད་དུ་ཚན་རིག་དང་མཐུན་པའི་གོང་འཕེལ་ལྟ་བ་ལག་བསྟར་དོན་འཁྱོལ་བྱེད་དགོས་ཚེ། ངེས་པར་དུ་མི་རྩ་བར་འཛིན་རྒྱུ་རྒྱུན་འཁྱོངས་ཀྱིས་ནུས་ཤུགས་ཡོད་རྒུ་བཏོན་ནས་གསར་འགྱུར་དྲིལ་བསྒྲགས་དཔུང་ཁག་འཛུགས་སྐྱོང་བྱ་རྒྱུ་དེ་སུའི་ཆེད་དུ་ཡིན་པ་དང་སུ་ལ་བརྟེན་དགོས་པའི་གནད་དོན་ཐག་གཅོད་བྱ་དགོས་ཤིང་། གསར་འགྱུར་དྲིལ་བསྒྲགས་དཔུང་ཁག་ངོས་ནས་བཤད་ན། མི་རྩ་བར་འཛིན་པའི་ཆེས་རྩ་བ་ནི་ལྷག་བསམ་ཟོལ་མེད་དང་བློ་གཅིག་སེམས་གཅིག་གིས་མི་དམངས་ལ་ཞབས་འདེགས་ཞུ་རྒྱུའི་དམིགས་ཡུལ་ལག་ལེན་བསྟར་རྒྱུ་དེ་རེད། དེའི་ཐད་ང་ཚོས་གསར་འགྱུར་དཔུང་ཁག་ནི་ཏང་དང་། སྲིད་གཞུང་། མི་དམངས་བཅས་ཀྱི་མགྲིན་ཚབ་པ་ཡིན་པ་ངོས་འཛིན་གང་ལེགས་དང་། རྒྱལ་ཁབ་དང་། མཉམ་སྡེབ། མི་སྒེར་བཅས་ཀྱི་ཁེ་ཕན་དབར་གྱི་འབྲེལ་བར་ངོས་འཛིན་དང་ཐག་གཅོད་ཡང་དག་པ་བྱ་རྒྱུའི་སློབ་གསོ་དང་ལེན་བྱས་ནས་རང་རྟོགས་ངང་ཏང་དང་མི་དམངས་ཀྱི་ཁེ་ཕན་ཨང་དང་པོར་འཇོག་པ་དང་། རང་རྟོགས་ངང་རྒྱལ་ཁབ་དང་མི་དམངས་ཀྱིས་གསར་འགྱུར་ལས་དོན་པར་བཅོལ་བའི་འགན་འཁྲི་བསྒྲུབས་ནས་བློ་གཅིག་སེམས་གཅིག་གིས་མི་དམངས་ལ་ཞབས་འདེགས་ཞུ་བ་དང་། སྤྱི་ཚོགས་རིང་ལུགས་ལ་ཞབས་འདེགས་ཞུ་བ། ཏང་དང་རྒྱལ་ཁབ་ཀྱི་ལས་དོན་ཁྱོན་ཡོངས་ལ་ཞབས་འདེགས་ཞུ་བ་བཅས་ཀྱི་ཐད་འབད་བརྩོན་བྱེད་རྒྱུ་དང་། རང་རྟོགས་ངང་སྔོན་ཐོན་རིག་གནས་བརྒྱུད་བསྒྲགས། མི་རིགས་ཀྱི་སྙིང་སྟོབས་དར་སྤེལ། རྒྱལ་ཁབ་ཀྱི་ཁེ་ཕན་སྲུང་སྐྱོང་། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་འདེད། མིའི་རིགས་ཀྱི་ཤེས་དཔལ་ལ་སྐུལ་སྤེལ་བཅས་ཀྱི་བླ་ན་མེད་པའི་ལས་འགན་དང་སྤྱི་ཚོགས་འགན་འཁྲི་འཁུར་ཐུབ་པ་བྱེད་དགོས། མི་རྩ་བར་འཛིན་རྒྱུ་རྒྱུན་འཁྱོངས་བྱེད་དགོས་ཚེ་ང་ཚོས་རང་ཉིད་གྲུབ་ཆ་གཙོ་བོའི་གནས་བབ་ལ་བརྩི་འཇོག་གང་ལེགས་ཀྱིས་སོ་སོ་རང་ཉིད་ཀྱི་བདག་པོའི་འདུ་ཤེས་ཟབ་ཏུ་གཏོང་དགོས་ཤིང་། འདྲ་མཉམ་དང་། དམངས་གཙོ། མཐུན་སྒྲིལ། མཐུན་སྦྱོར་བཅས་ནང་ཁོངས་ཀྱི་འབྲེལ་བ་ཟབ་ཏུ་གཏོང་བ་དང་། རང་ཉིད་ཀྱི་གསར་གཏོད་ཀྱི་སྙིང་སྟོབས་ལ་བརྩི་འཇོག་གང་ལེགས་དང་དམངས་གཙོའི་ལམ་བུ་རྒྱ་ཆེར་བཏང་ནས་མང་ཚོགས་ཀྱི་བློ་གྲོས་ཚད་གཞི་མཐོ་ཤོས་ཀྱིས་གཅིག་སྡུད་དང་མང་ཚོགས་ཀྱི་སྟོབས་ཤུགས་གོང་བུ་གཅིག་ཏུ་སྒྲིལ་ཐུབ་པ་བྱེད་རྒྱུ་དང་དེ་བཞིན་ཆབ་སྲིད་དང་། དཔལ་འབྱོར། རིག་གནས་སོགས་ཕྱོགས་གང་ཅིའི་ཐད་ཀྱི་ཁྲིམས་མཐུན་ཁེ་དབང་ལ་བརྩི་འཇོག་གང་ལེགས་ཀྱིས་ཁ་ཞེ་གཉིས་མེད་ངང་ཏང་དང་མི་དམངས་ལ་དོན་དངོས་སྒྲུབ་དགོས། གསར་འགྱུར་དཔུང་ཁག་གི་ཞབས་ཞུའི་འདུ་ཤེས་ཟབ་ཏུ་གཏོང་བ་དང་རང་ཉིད་ཀྱི་འགན་འཁྲིའི་བསམ་པ་ཤུགས་ཆེར་གཏོང་ཐུབ་ཚེ། ཏང་དང་མི་དམངས་ཀྱིས་ང་ཚོར་དཀྲིས་པའི་བླ་ན་མེད་པའི་ལས་འགན་ལེགས་སྒྲུབ་ཡོང་ཐུབ།
         གཉིས། ལོ་ཙཱ་བར་མ་ཡིག་དང་བུ་ཡིག་གི་ཆུ་ཚད་ངེས་ཅན་ཡོད་དགོས་པའི་སྐོར།
         ཡིག་སྒྱུར་ཞེས་པ་ནི་ཡིག་རིགས་གཅིག་གི་ཐོག་ནས་མཚོན་པའི་ནང་དོན་རྣམས་ཡི་གེའི་ཐབས་ལམ་ལ་བརྟེན་ནས་ཡིག་རིགས་གཞན་ཞིག་གི་ཐོག་དེའི་ནང་དོན་རྣམས་བརྡ་སྤྲོད་པར་བྱེད་པའི་རྩོལ་བ་ཞིག་རེད། དེར་བརྟེན་ཡིག་སྒྱུར་གྱི་བྱ་ལས་སྒྲུབ་མཁན་སུ་འདྲ་ཞིག་ཡིན་རུང་། ཡིག་རིགས་མི་འདྲ་བ་གཉིས་ཀྱི་ཆུ་ཚད་ངེས་ཅན་ཞིག་ཡོད་དགོས། ཅི་སྟེ་དེ་ལྟར་མ་བྱུང་ན་ཡིག་སྒྱུར་ཞེས་པ་གླེང་ཐབས་ཡེ་ནས་མེད། དེ་ཡང་ང་ཚོ་རྒྱ་བོད་ཡིག་རིགས་གཉིས་ཀྱི་གསར་འགྱུར་ལས་རིགས་ཀྱི་ལོ་ཙཱ་བ་ཞིག་གི་ངོས་ནས་བརྗོད་ན། བོད་ཡིག་དང་རྒྱ་ཡིག་ཀྱི་ཆུ་ཚད་མཐོ་ཙམ་དགོས། རྒྱ་བོད་ཡིག་རིགས་གཉིས་ཀྱི་ཆུ་ཚད་མཐོ་ཙམ་མེད་ན་རྒྱ་བོད་ཡིག་སྒྱུར་བྱེད་ཐབས་མེད། དེ་ཡང་རྒྱ་ཡིག་བོད་ཡིག་ཏུ་ཕབ་སྒྱུར་བྱེད་སྐབས་ལྟ་བུར་ཆ་མཚོན་ནས་བརྗོད་ན། རྒྱ་ཡིག་གི་ཆུ་ཚད་མཐོ་པོ་མེད་ན་མ་ཡིག་ལ་གོ་བ་ལོན་མི་ཐུབ་པས། ཡིག་སྒྱུར་གྱི་ཚད་འཛིན་ཆེན་པོ་གསུམ་གྱི་མ་ཡིག་གི་ནང་དོན་དང་མཐུན་པ་ཞེས་པ་དེ་ཡོང་ཐབས་མེད། དེ་བཞིན་བོད་ཡིག་གི་ཆུ་ཚད་མཐོ་པོ་མེད་ན་ཡིག་སྒྱུར་གྱི་ཚད་འཛིན་ཆེན་པོ་གསུམ་གྱི་རྗོད་བྱེད་ཚིག་གོ་བདེ་བ་དང་། མ་ཡིག་གི་ཉམས་སྣང་ལེགས་པོ་ཞིག་འདོན་མི་ཐུབ། དེ་བཞིན་བོད་ཡིག་ནས་རྒྱ་ཡིག་ཏུ་ཕབ་སྒྱུར་བྱེད་སྐབས་ཀྱང་དེ་ལྟར་རིགས་འགྲེ། སྤྱིར་བཏང་བྱས་ན་རྒྱ་བོད་ཡིག་རིགས་གཉིས་ཀྱི་ལོ་ཙཱ་བར་རྒྱ་བོད་ཡིག་རིགས་གཉིས་ཀྱི་ཆུ་ཚད་མཐོ་པོ་དགོས་པ་བརྗོད་མེད་ཁར། ཁོ་བོས་ལྟར་ན་རྒྱ་ཡིག་ནས་བོད་ཡིག་ཏུ་སྒྱུར་སྐབས་སྒྱུར་པ་པོ་དེའི་བོད་ཡིག་གི་ཆུ་ཚད་མཐོ་ཙམ་དགོས་པ་དང་། བོད་ཡིག་ནས་རྒྱ་ཡིག་ཏུ་ཕབ་སྒྱུར་བྱེད་སྐབས་རྒྱ་ཡིག་གི་ཆུ་ཚད་མཐོ་ཙམ་དགོས་པར་སེམས། དེང་སྐབས་རྒྱ་ཡིག་ནས་བོད་ཡིག་ཏུ་ཡིག་སྒྱུར་བྱེད་མཁན་ལོ་ཙཱ་བ་འགའ་ཞིག་གིས་བོད་ཡིག་ལ་དོ་སྣང་དེ་ཙམ་བྱེད་ཀྱི་མི་འདུག གལ་སྲིད་བོད་ཡིག་གི་རྨང་གཞི་ཡག་པོ་མེད་པ་དང་། བོད་ཡིག་གི་ཤེས་བྱ་ཕུན་སུམ་ཚོགས་པོ་ཞིག་མེད་ན། ཡིག་སྒྱུར་བྱེད་པའི་བརྒྱུད་རིམ་ནང་མ་ཡིག་དང་སྒྱུར་ཡིག་གི་ནང་དོན་ཕྱིན་ཅི་ལོག་ནས་བསྒྱུར་བ་དང་། བསྒྱུར་ཡིག་གིས་མ་ཡིག་གི་དོན་སྟོན་མི་ཐུབ་པ་སོགས་ཀྱི་གནས་ཚུལ་ཐོན་ངེས་ཡིན། ལྷག་པར་དུ་བོད་སྐད་ར་མ་ལུག་དང་རྗོད་ཚིག་བརྡ་སྤྲོད་ཀྱི་གཞུང་དང་མི་མཐུན་པའི་རིགས་བོད་ཡིག་གི་རྨང་གཞི་དེ་ཙམ་མེད་པའི་ངན་འབྲས་ཤིག་རེད། གཞན་ཡང་མིག་སྔར་སྤྱི་ཚོགས་ཐོག་ཀློག་པ་པོ་ཁག་གཅིག་གསར་འགྱུར་རྩོམ་ཡིག་ཀློག་མ་ཐག་གོ་དོན་གསལ་པོ་མ་རྟོགས་པར་ཚགས་པར་ལྟ་ཙམ་བྱས་རྗེས་རང་དགར་དབྱུགས་པ་དང་། འདི་ཚོ་རྒྱ་ཡིག་ནས་བསྒྱུར་ཏེ་འགྱུར་དག་པོ་མ་བྱུང་སྟབས་བརྗོད་བྱའི་དོན་དང་རྗོད་བྱེད་ཚིག་རྡོ་ཆག་སྐམ་པོ་བཙན་བསྒྲིགས་བྱས་པ་ལྟ་བུར་གྱུར་འདུག་ཅེས་བཤད་པ་ནི་དོན་དུ་ལོ་ཙཱ་བའི་སྐད་ཡིག་གཉིས་ཀྱི་བྱང་ཚད་དམའ་བར་སྐྱོན་བརྗོད་བྱས་པ་ལས་མ་འདས།
         ལོ་ཙཱ་བ་མིང་དོན་མཚུངས་པ་ཞིག་བྱེད་སྙམ་ན། ངེས་པར་དུ་སློབ་གྲྭའི་ནང་སྦྱངས་པ་ཙམ་གྱིས་མི་ཆོག་པར་ལས་ཐོག་ལག་ལེན་ཁྲོད་དུ་རང་ཉིད་ཀྱི་བྱང་ཚད་ལ་ཤུགས་སྣོན་རྒྱག་དགོས་ཏེ། དེ་ཡང་དེ་རིང་གསར་འགྱུར་རྩོམ་ཡིག་གཅིག་རྒྱ་ཡིག་ནས་ཕབ་སྒྱུར་བྱས་རྗེས་ཕྱི་ཉིན་ཚགས་པར་ཐོག་ཐོན་པའི་དབང་དུ་བཏང་ན། རང་གིས་བསྒྱུར་བའི་རྗེས་སུ་ཞུས་དག་པ་དང་། ཞུས་ཆེན་ལོ་ཙཱ་བ་སོགས་ཀྱིས་བསྐྱར་བཅོས་ཇི་ལྟར་བྱས་མིན་ལ་ངེས་པར་དུ་བརྟག་སྟེ་རང་ཉིད་ཀྱི་ཞན་ཆའི་གནས་རྣམས་རྟོགས་ཐུབ་པ་བྱེད་དགོས་ཀྱི་རེད། དེ་ནི་དོན་དངོས་ཐོག་རང་ཉིད་ཡིག་རྒྱུགས་ནང་ཞུགས་རྗེས་དགེ་རྒན་གྱིས་ཇི་ལྟར་བཅོས་མིན་ལ་བརྟག་པ་དང་ཁྱད་མེད་ལ། དེ་ནི་རང་ཉིད་ཀྱི་ཡིག་སྒྱུར་ཆུ་ཚད་གོང་མཐོར་གཏོང་བའི་ལས་ཐོག་གི་བཞུན་བརྡར་གཏོང་ཐབས་ལེགས་པོ་ཞིག་རེད།
         འོན་ཀྱང་ཁྲལ་གོ་འཁྱོལ་ཙམ་གྱི་བསམ་བློར་བརྟེན་ནས་དེ་རིང་རང་གིས་བསྒྱུར་བའི་རྩོམ་ཡིག་ཚགས་པར་སོགས་ཀྱི་ཐོག་འཁོད་སྐབས་ལྟ་ཙམ་ལས་མི་བྱེད་པ་དང་། བལྟས་ཀྱང་བརྗོད་དོན་བསྒྱུར་སྟངས་དང་མིང་ཚིག་བཀོད་སྟངས་སོགས་ཁྱོན་ཡོངས་ཀྱི་མ་དག་པའི་ཆ་རྣམས་ཇི་ལྟར་བཅོས་མིན་ལ་ཉམས་ལེན་མ་བྱས་ཚེ་བལྟས་ཀྱང་གོ་མི་ཆོད་པ་ཞིག་དང་ཡར་ཐོན་ཞེས་པ་དེ་མིང་ཙམ་དུ་འགྱུར་རྒྱུ་ལས་མ་འདས་ཤིང་། ལོ་ཙཱ་བ་ལོ་བཅུ་ཕྲག་བྱས་ཀྱང་ཡར་ཐོན་མེད་པའི་རང་གནས་པ་ཞིག་ཏུ་འགྱུར་རྒྱུ་རེད།
          གསུམ། དོ་ནན་ཞིང་བསམ་པ་རྣམ་དག་གི་ལས་ཀའི་རྣམ་འགྱུར་ལྡན་དགོས།
         བགམ་བརླིང་དོ་ནན་གྱི་ལས་ཀའི་རྣམ་འགྱུར་ཞེས་པ་ནི་གསར་འགྱུར་ལས་རིགས་ཀྱི་ལོ་ཙཱ་བ་ཞིག་ཡིན་ཚེ། ཡིག་སྒྱུར་བྱེད་སྐབས་ཡིག་སྒྱུར་གཞན་དག་དང་མི་འདྲ་བས་ཚང་མ་བླུན་པོ་ཆུ་སྣ་གང་ཁྲིད་དང་རི་བོང་ཅལ་འདྲོགས་ལྟ་བུ་མ་ཡིན་པར་ཡིག་སྒྱུར་བྱེད་སྐབས་གསར་འགྱུར་རང་ངོས་ཀྱི་དམིགས་བསལ་ཁྱད་ཆོས་གཞིར་བཟུང་བགམ་བརླིང་ངང་རང་གི་ཁྱད་ཆོས་འབུར་དུ་ཐོན་པ་བྱ་རྒྱུ་དེ་རེད། ཡིན་ན་ཡང་གསར་འགྱུར་གྱི་ཁྱད་ཆོས་ཡིན་ཞེས་བོད་མི་རིགས་ཀྱི་ཐུན་མོང་མ་ཡིན་པའི་སྐད་དང་ཡི་གེའི་འགྲོས་དང་མ་བསྟུན་ན་མི་འགྲིག་པས་ཡིག་སྒྱུར་བྱེད་སྐབས་ངེས་པར་དུ་དོ་ནན་གྱིས་སྤྱི་ཡོངས་ཀྱི་གོམ་པའི་འགྲོས་དང་མཐུན་ཐབས་བྱེད་དགོས། དེ་ཡང་གསལ་ཙམ་བཤད་ན། གསར་འགྱུར་ལྟ་ཉན་བྱེད་མཁན་ལ་འགན་འཁུར་ཏེ་ངེས་པར་དུ་ལས་བརྩོན་ལེགས་སྐྱེས་དང་། དྲང་པོ་དྲང་བཞག མཐུན་སྒྲིལ་རོགས་ལས། སྒྲིག་བཀུར་ཁྲིམས་སྲུང་བཅས་ལས་རིགས་ཀུན་སྤྱོད་ལ་སྲུང་བརྩི་ནན་པོ་ཞུ་རྒྱུ་དང་ལམ་ལུགས་ཀྱིས་དཔུང་ཁག་དོ་དམ་བྱ་རྒྱུ་རྒྱུན་འཁྱོངས་ཀྱིས་གསར་འགྱུར་དཔུང་ཁག་གི་གོང་བུ་སྒྲིལ་ཤུགས་དང་དམག་འཐབ་ནུས་པ་འགན་ལེན་བྱེད་པ། ངེས་པར་དུ་རྒྱལ་ཁབ་དང་མི་དམངས་ཀྱིས་གསར་འགྱུར་ལས་དོན་པར་བཅོལ་བའི་འགན་འཁྲི་དེ་ཕྲག་ལ་འཁུར་ནས་དྲང་ཕྱོགས་ནས་དྲིལ་བསྒྲགས་བྱ་རྒྱུ་གཙོ་བོ་བྱེད་པའི་མཛད་ཕྱོགས་རྒྱུན་འཁྱོངས་དང་། དུས་ཐོག་ཏུ་ཏང་གི་སྲིད་ཇུས་བརྒྱུད་བསྒྲགས། མི་དམངས་ཀྱི་འབོད་སྒྲ་གོང་ཞུ་བཅས་བྱས་ཐོག་དགེ་མཚན་ལྡན་ལ་སྐྱོན་བྲལ་ཡར་བརྩོན་གྱི་གླེང་ཕྱོགས་ཁོར་ཡུག་སྐྲུན་པ་བཅས་བྱེད་དགོས། ཉེ་བའི་ལོ་ཤས་རིང་ང་ཚོས་མར་ཁེ་སི་རིང་ལུགས་ཀྱི་གསར་འགྱུར་ལྟ་བ་དང་། ལས་རིགས་སྙིང་སྟོབས། ལས་རིགས་ཀུན་སྤྱོད་ཀྱི་སློབ་གསོ། ལྟ་བ་བཞི་དང་སྨྲ་བ་གཉིས་ཀྱི་སློབ་གསོ། ཏང་ཡོན་གྱི་སྔོན་ཐོན་རང་བཞིན་གྱི་སློབ་གསོ། གཟི་བརྗིད་བརྒྱད་དང་ཞེ་ཁྲེལ་བརྒྱད་ཀྱི་སློབ་གསོ་སྤེལ་བ་བརྒྱུད་གསར་འགྱུར་ལས་དོན་གྱི་འགན་འཁྲི་དེ་བས་གསལ་དུ་ཕྱིན་པ་དང་། གཞི་རིམ་དུ་ཁ་ཕྱོགས་རྒྱུ་དང་ཞིང་འབྲོག་ཁུལ་དུ་ཟབ་འཇུག་བྱེད་པའི་སེམས་ཤུགས་དེ་བས་བརྟན་དུ་ཕྱིན་ཡོད།
         བཞི། ལོ་ཙཱ་བར་སྣེ་མང་ཕུན་སུམ་ཚོགས་པའི་ཕྱོགས་བསྡུས་ཤེས་བྱ་ལྡན་དགོས་པའི་སྐོར།
          ཡིག་སྒྱུར་གྱི་བྱ་བ་ནི་ཁེར་རྐྱང་གི་བྱ་བ་ཞིག་དང་། མིང་ཚིག་རེ་གཉིས་བསྒྱུར་བ་ཙམ་མ་ཡིན་པར། དེའི་ནང་རིག་ཚན་སོགས་ཀྱི་ཁྱབ་ཁོངས་མཐའ་དག་ཚུད་ཡོད་པས་ལོ་ཙཱ་བ་ཞིག་གི་ངོས་ནས་བརྗོད་ན་སྣེ་མང་ཕུན་སུམ་ཚོགས་པའི་ཕྱོགས་བསྡུས་ཤེས་བྱ་ཡོད་དགོས། དཔེར་ན། གསར་འགྱུར་ལས་རིགས་ཀྱི་ལོ་ཙཱ་བ་ཞིག་གི་ངོས་ནས་བཤད་ན་གསར་འགྱུར་ནང་བསམ་བློ་ཆབ་སྲིད་དང་། སློབ་གསོ་ལུས་རྩལ། ཆོས་ལུགས། ལོ་རྒྱུས། སྨན་བཅོས་འཕྲོད་བསྟེན། ཚན་རྩལ། ཞིང་ལས། གཏན་ཚིགས་རིག་པ། འབྲོག་ལས། སྒྱུ་རྩལ། ཚོང་ལས། བཟོ་སྐྲུན། དམག་དོན་སོགས་མདོར་ན། འཇིག་རྟེན་ཐོག་གནས་པའི་བྱ་དངོས་ཡོད་དོ་ཅོག་གསར་འགྱུར་ནང་མ་འཁོད་པ་མེད་པས་གསར་འགྱུར་ལས་རིགས་ཀྱི་ཡིག་སྒྱུར་བར་སྣེ་མང་ཕྱོགས་བསྡུས་ཀྱི་ཤེས་བྱ་ལྡན་དགོས། གལ་ཏེ་དེ་ལྟར་མ་བྱུང་ཚེ་གསར་འགྱུར་གྱི་ནང་དོན་ཡིག་སྒྱུར་བྱས་ཀྱང་བསྒྱུར་ཡིག་དེ་སྤུས་དག་པོ་ཡོང་མི་སྲིད་པས་ང་ཚོས་ཕྱོགས་གང་ཅིའི་ཐད་ཀྱི་ཤེས་བྱ་སྦྱོང་རྒྱུར་ཤུགས་སྣོན་དང་གསོག་འཇོག་བྱ་རྒྱུར་ཡིད་གཟབ་བྱེད་དགོས། དེང་སང་མི་ཁག་གཅིག་གི་ལྟ་ཚུལ་ལ། ལོ་ཙཱ་བ་བྱེད་པར་ཡིག་རིགས་གཉིས་ཤེས་པས་ཆོག་སྙམ་གྱི་ཡོད་མོད། དོན་དུ་དེ་ལྟར་མིན་ཏེ། ཡིག་རིགས་གཉིས་ཀྱི་བྱང་ཚད་མཐོ་པོ་ལྡན་དགོས་པ་དེ་རྨང་གཞི་རེད། འོན་ཏེ་གོང་དུ་སྨོས་པ་ལྟར་ཁྱབ་ཁོངས་རྒྱ་ཆེ་བའི་གནས་ཐམས་ཅད་ལ་རྒྱུས་མངའ་དང་དེ་དག་བློར་ཆུབ་པ་ཞིག་མེད་ཕྱིར། དཔེར་ན། ཆོས་ལུགས་སྐོར་གྱི་གསར་འགྱུར་རྩོམ་ཡིག་ཅིག་བསྒྱུར་སྐབས་ཆོས་ལུགས་ཐད་ཀྱི་བརྗོད་དོན་དང་། མིང་ཚིག་མང་པོ་ཞིག་གིས་མགོ་བོ་འཐོམས་པར་གྱུར་ཏེ་བསྒྱུར་མི་ཐུབ་པའམ་ཐ་ན་བསྒྱུར་ཡང་རང་ཉིད་གཅིག་པུ་ཙམ་གྱིས་མ་གཏོགས་གཞན་གྱིས་གོ་དོན་རྟོགས་མི་ཐུབ་པ་ཞིག་ཏུ་འགྱུར་ངེས་ཡིན་པ་ལྟ་བུའོ། ཡང་དཔེར་ན། སྒྱུ་རྩལ་བརྩམས་ཆོས་ཤིག་ཡིག་སྒྱུར་བྱེད་སྐབས་མ་ཡིག་ལ་ཞིབ་ཕྲ་བལྟས་རྗེས་བརྗོད་དོན་མང་པོ་ཞིག་ཡིག་སྒྱུར་གྱི་ཐབས་བཞིའི་དགོངས་དོན་ལྟར་དོན་སྒྱུར་བྱེད་དགོས་པ་མཐོང་ཡང་། སྤྱི་ཚོགས་ཀྱི་ལག་ལེན་དང་རྩོམ་རིག་གི་ཤེས་བྱ་དམན་པ་སོགས་ཀྱི་འགལ་རྐྱེན་འཕྲད་ཕྱིན། ཐབས་གཞན་མེད་པར་ཐད་སྒྱུར་བྱ་དགོས་པར་གྱུར་ཅིང་། ཐད་སྒྱུར་བྱས་རྗེས་བརྗོད་དོན་མང་པོ་ཞིག་གོ་ཐུབ་ཙམ་ལས་དོན་གསལ་ཞིང་། ཚིག་སྙན་འཇེབས་ལྡན་པར་འགྱུར་མི་ཐུབ་པ་ལྟ་བུའོ། དེས་ན་ལོ་ཙཱ་བའི་ཕྱོགས་ཡོངས་ཀྱི་ཤེས་བྱའི་བྱང་ཚད་མཐོ་དམའ་དེ་ཡིག་སྒྱུར་ལེགས་པོ་ཡོང་མིན་གྱི་འགག་གནད་ཅིག་ཡིན་པ་ངེས་པར་དུ་ཤེས་དགོས་ལ་ཤེས་ནས་བྱང་ཚད་མཐོ་རུ་གཏོང་རྒྱུར་རྟག་ཏུ་བརྩོན་འགྲུས་བྱེད་དགོས།
         ལྔ། དེང་དུས་ཡིག་སྒྱུར་གྱི་ཐབས་རྩལ་ཁོང་དུ་ཆུད་ཐུབ་པ་བྱེད་དགོས།
         ང་ཚོས་དུས་རབས་གསར་པའི་ལོ་ཙཱ་བ་ཞིག་དང་ལྷག་དོན་དུ་གསར་འགྱུར་ལས་རིགས་ཀྱི་ལོ་ཙཱ་བ་ཞིག་གི་ངོས་ནས་བརྗོད་ན། སྲོལ་རྒྱུན་གྱི་སྨྱུ་གུ་དང་ཤོག་བུར་བརྟེན་པའི་ལམ་བུ་ནས་དེང་དུས་ཀྱི་གློག་ཀླད་དང་ཆ་འཕྲིན་དྲ་སྦྲེལ་སོགས་བེད་སྤྱོད་བྱེད་ཤེས་པ་དགོས། དེང་དུས་ཡིག་སྒྱུར་ཐབས་རྩལ་ཁོང་དུ་ཆུད་ཐུབ་པ་བྱ་རྒྱུ་དེ་དེང་སྐབས་གསར་འགྱུར་ལས་རིགས་ཀྱི་ལོ་ཙཱ་བར་མཁོ་བའི་ཆ་རྐྱེན་དུ་འཇོག་དགོས་དོན་ནི་སྤྱི་ཚོགས་འཕེལ་རྒྱས་འགྲོ་བ་དང་བསྟུན་ནས་ང་ཚོའི་ཡིག་སྒྱུར་བྱ་གཞག་འདི་ཡང་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་འགྲོ་བཞིན་ཡོད་པས། ང་ཚོས་དུས་བསྟུན་ཡར་བརྩོན་མ་བྱས་ཚེ་ཡོང་ཐབས་མེད། ལྷག་པར་དུ་གཞོན་སྐྱེས་རྣམས་ཀྱིས་ངེས་པར་དུ་དེའི་ཐད་བསམ་བློ་བཞི་གསུམ་བཅུ་གཉིས་གཏོང་དགོས་ཀྱི་འདུག
          མདོར་ན། གོང་དུ་གསར་འགྱུར་ལས་རིགས་ཀྱི་ལོ་ཙཱ་བར་མཁོ་བའི་ཆ་རྐྱེན་སྐོར་ལ་ཅུང་ཟད་ཞིག་དཔྱད་ཁུལ་ཡིན་མོད། འོན་ཏེ་རང་ཉིད་ཀྱིས་ལག་ལེན་དངོས་ཀྱི་ཡིག་སྒྱུར་བྱས་པ་ལས་ཡིག་སྒྱུར་སྐོར་གི་རིགས་པའི་གཞུང་ལུགས་སློབ་སྦྱོང་བྱེད་པའི་གོ་སྐབས་མ་ཐོབ་པས་སྐྱོན་དང་ནོར་འཁྲུལ་གྱི་ཆ་གང་མང་མཆིས་སྲིད་པས་མཁས་དབང་རྣམས་པས་དག་བཅོས་ཡོ་བསྲང་ཡོང་བའི་རེ་བ་རྩེ་གཅིག་ཏུ་ཞུའོ། ༼ རྩོམ་པ་པོ་བོད་ལྗོངས་ཉིན་རེའི་ཚགས་པར་ལས་ཁུངས་བོད་ཡིག་རྩོམ་སྒྲིག་པུའུ་ནས་ཡིན་པ། ༽
      

    ཕྱོགས་བསྡུས་གསར་འགྱུར།