འཚོལ་བཤེར།   
藏文频道
2016ལོའི་ཟླ་4ཚེས་6ཉིན།
  • མི་དམངས་དྲ་བ།

    ༄༅།།འདི་ལོའི་སྟོན་དུས་སུ་སི་ཁྲོན་བོད་བརྒྱུད་ནང་བསྟན་སློབ་གླིང་སྤྱོད་འགོ་ཚུགས་རྒྱུ་ཡིན་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 04ཚེས་06ཉིན། 09:40】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
         མི་དམངས་དྲ་བའི་འཕྲིན། ཀྲུང་གོ་བོད་ལྗོངས་དྲ་བའི་ཐོག་གནས་ཚུལ་སྤེལ་བ་གཞིར་བཟུང་། སི་ཁྲོན་ཞིང་ཆེན་དཀར་མཛེས་ཀྲོའུ་དཀར་མཛེས་རྫོང་སྲིབ་ངོ་ཤང་དུ་གནས་པའི་སི་ཁྲོན་བོད་བརྒྱུད་ནང་བསྟན་སློབ་གླིང་དེ་ནི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཆོག་མཆན་ཐོབ་པ་དང་ལོ་ངོ་20ཡི་ལོ་རྒྱུས་ལྡན་པའི་བོད་བརྒྱུད་ནང་བསྟན་གྱི་ཆེད་ལས་སློབ་གླིང་ཞིག་ཡིན་ཞིང་། སློབ་གླིང་དེ་ནི་སི་ཁྲོན་བོད་བརྒྱུད་ནང་བསྟན་གྲྭ་བཙུན་གྱི་ཆེས་མཐོའི་སློབ་གྲྭ་ཞིག་ཡིན། སློབ་གླིང་གནས་སྤོའི་འཛུགས་སྐྲུན་བྱེད་འགོ་ཚུགས་པ་ནས་བཟུང་ཀྲུང་དབྱང་དང་སི་ཁྲོན་ཞིང་ཨུད་དང་བོད་བརྒྱུད་ནང་བསྟན་ལས་རིགས་ཀྱི་ཚད་མཐོའི་མཐོང་ཆེན་ཐོབ་ཡོད་པ་རེད།
         སི་ཁྲོན་བོད་བརྒྱུད་ནང་བསྟན་སློབ་གླིང་ནི་སི་ཁྲོན་ཞིང་ཆེན་གྱིས་བོད་བརྒྱུད་ནང་བསྟན་གྱི་མི་སྣ་གསོ་སྐྱོང་བྱེད་སའི་རྟེན་གཞི་གལ་ཆེན་ཞིག་ཡིན་པ་དང་། བོད་བརྒྱུད་ནང་བསྟན་སློབ་གླིང་ཡག་པོ་གཉེར་རྒྱུ་ནི་བོད་བརྒྱུད་ནང་བསྟན་དེ་སྤྱི་ཚོགས་རིང་ལུགས་སྤྱི་ཚོགས་དང་འཚམ་མཐུན་ཡོང་རྒྱུར་སྣེ་ཁྲིད་བྱ་རྒྱུ་དང་བོད་རིགས་ས་ཁུལ་གྱི་ཡུན་རིང་བདེ་འཁོད་མངོན་འགྱུར་བྱ་རྒྱུར་དོན་སྙིང་གལ་ཆེན་ལྡན་ཡོད། སི་ཁྲོན་ཞིང་ཆེན་གྱི་འབྲེལ་ཡོད་སྡེ་ཚན་གྱིས་གནས་སྤོས་ཨར་རྒྱག་འཛུགས་སྐྲུན་ཚན་པས་ཆབ་སྲིད་ཀྱི་འདུ་ཤེས་དང་སྤྱི་ཡོངས་ཀྱི་འདུ་ཤེས་ཆེ་རུ་བཏང་ནས་གཞོགས་འདེགས་ཧུར་ཐག་བྱས་ཏེ། སི་ཁྲོན་བོད་བརྒྱུད་ནང་བསྟན་སློབ་གླིང་དེ་སྤུས་ཚད་ལེགས་ལ་ནུས་པ་ཆ་ཚང་བའི་སྤུས་ལེགས་ལས་གྲྭ་ཞིག་དང་། བོད་རིགས་རིག་གནས་ཀྱི་ཁྱད་རྟགས་མངོན་པ་དང་རྒྱ་བོད་ཞི་མཐུན་མཉམ་འདྲེས་ཀྱི་ཁྱད་ལྡན་ལས་གྲྭ་ཞིག ཐཱན་ཉུང་དང་ཁོར་ཡུག་སྲུང་སྐྱོང་དང་རང་བྱུང་ཁོར་ཡུག་གཞི་གཅིག་ཏུ་འདྲེས་པའི་ལྗང་མདོག་ལས་གྲྭ་ཞིག ལྟ་སྐུལ་དོ་དམ་གནད་ལ་འཁེལ་བ་དང་བརྒྱུད་རིམ་ལུགས་མཐུན་གྱི་སྤྱོད་གཙང་ལས་གྲྭ་ཞིག་བཅས་སུ་བསྐྲུན་དགོས་པ་དང་། བསམ་བློར་སྣེ་ཁྲིད་དང་རིག་གནས་རྒྱུན་འཛིན་བྱ་རྒྱུར་གཞི་ཚུགས་ཏེ་སློབ་གླིང་གི་ཤེས་ལྡན་མི་སྣའི་དཔུང་ཁག་འཛུགས་སྐྱོང་ལས་དོན་སྔོན་དུ་ཇུས་འགོད་བྱས་ཏེ། ཐབས་ལམ་མང་བ་དང་བྱེད་ཐབས་མང་བའི་ཐོག་ནས་དཔེ་ཆའི་དགེ་རྒན་ཕུལ་བྱུང་ཁག་གཅིག་གདན་ཞུ་བྱས་ནས་བོད་བརྒྱུད་ནང་བསྟན་ལས་རིགས་ཀྱི་མི་རབས་གསར་པ་གསོ་སྐྱོང་བྱ་ཆེད་རྨང་གཞི་བརྟན་པོ་ཞིག་འདིང་དགོས་པའི་བླང་བྱ་བཏོན་པ་རེད།
         ཤེས་རྟོགས་བྱུང་བར་གཞིགས་ན། གནས་སྤོས་འཛུགས་སྐྲུན་བྱེད་བཞིན་པའི་སི་ཁྲོན་བོད་བརྒྱུད་ནང་བསྟན་སློབ་གླིང་གི་སློབ་ཁུལ་གསར་པ་དེ་ཕི་རྫོང་ཐང་ཁྲང་གྲོང་རྡལ་ཧེང་ཧྲན་གྲོང་ཚོར་ཡོད་པ་དང་། འཆར་འགོད་ཀྱི་ས་བཟུང་རྒྱ་ཁྱོན་སྤྱི་ཆིང་7.8ཟིན་པ་དང་དུས་ཐེངས་དང་པོའི་ཨར་རྒྱག་རྒྱ་ཁྱོན་སྨི་ངོས་གྲུ་26372ཟིན་ཞིང་། ན་ནིང་གི་ཟླ་བརྒྱད་པར་ལས་གྲྭ་འགོ་ཚུགས་པ་ནས་བཟུང་མིག་སྔར་གཙོ་གཟུགས་ལས་གྲྭ་ཁྱོན་ཡོངས་བསྐྲུན་ཟིན་ཉེར་ཡོད་པ་དང་འདི་ལོའི་སྟོན་དུས་སུ་དངོས་སུ་སྤྱོད་རྒྱུ་ཡིན་པ་རེད། སློབ་གླིང་དུ་འབྲིང་རིམ་སློབ་གནས་འཛིན་གྲྭ་དང་། མཐོ་རིམ་སློབ་གནས་འཛིན་གྲྭ སྤྲུལ་སྐུའི་འཛིན་གྲྭ ཆེད་དོན་གསོ་སྦྱོང་འཛིན་གྲྭ རིགས་པའི་གཞུང་ལུགས་བགྲོ་གླེང་འཛིན་གྲྭ་སོགས་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།