འཚོལ་བཤེར།   
藏文频道
2016ལོའི་ཟླ་4ཚེས་6ཉིན།
  • མི་དམངས་དྲ་བ།

    ༄༅།།《ཐང་གའི་རིགས་དབྱེའི་》ས་གནས་ཚད་གཞི་ཟླ་བཞི་པར་ལག་བསྟར་བྱ་རྒྱུ་ཡིན་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 04ཚེས་06ཉིན། 09:50】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
         མི་དམངས་དྲ་བའི་འཕྲིན། བོད་ལྗོངས་ཚོང་འཕྲིན་ཚགས་པར་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། ཐང་ག་ནི་བོད་ཀྱི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་ཁྲོད་ཀྱི་དམིགས་བསལ་ཁྱད་ཆོས་ལྡན་པའི་སྒྱུ་རྩལ་གྱི་རྣམ་པ་ཞིག་ཡིན་ལ། བརྗོད་གཞི་སྣ་མང་ཕུན་སུམ་ཚོགས་པས་བོད་རིགས་ཀྱི“ཤེས་བྱ་ཀུན་ཁྱབ”ཞེས་པའི་མཚན་སྙན་ལྡན་ཡོད། ཉེ་ཆར་བོད་རང་སྐྱོང་ལྗོངས་ཚད་ལྡན་ཅན་ཞིབ་འཇུག་སུའོ་ནས་ཤེས་རྟོགས་བྱས་པར་གཞིགས་ན། བོད་རང་སྐྱོང་ལྗོངས་ཚད་ལྡན་ཅན་ཞིབ་འཇུག་སུའོ་དང་བོད་རང་སྐྱོང་ལྗོངས་རིག་གནས་ཐིང་གིས་མཉམ་དུ་བཟོས་པའི་《ཐང་གའི་རིགས་དབྱེའི་》ས་གནས་ཚད་གཞི་དེ་གོ་ཆོད་ཀྱི་དཔྱད་གཞི་འབོར་ཆེན་བསྡུ་རུབ་དང་། རིགས་གཅིག་མཁས་ཅན་ལ་འདྲི་རྟོགས། རིགས་གཅིག་མཁས་ཅན་ལ་བློ་འདྲི། སྤྱི་ཚོགས་ལས་རིགས་ཁག་གི་བསམ་འཆར་བསྡུ་ལེན་བཅས་བྱས་རྗེས་ལག་རྩལ་ཞིབ་དཔྱད་ཨུ་ལྷན་གྱི་ཞིབ་དཔྱད་ཚད་ལོན་བྱུང་ནས་ཟླ་བཞི་པར་ཁྱབ་བསྒྲགས་བྱས་ཏེ་ལག་བསྟར་བྱ་རྒྱུ་རེད།
         ཐང་ག་ནི་བོད་ཀྱི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་ཁྲོད་དམིགས་བསལ་ཁྱད་ཆོས་ལྡན་པའི་སྒྱུ་རྩལ་གྱི་རྣམ་པ་ཞིག་ཡིན་ལ་རང་རྒྱལ་གྱི་གཙོ་གནད་མངོན་མིན་རིག་གནས་ཤུལ་བཞག་ཞིག་ཀྱང་ཡིན། བོད་རང་སྐྱོང་ལྗོངས་ཚད་ལྡན་ཅན་ཞིབ་འཇུག་སུའོ་དང་བོད་རང་སྐྱོང་ལྗོངས་རིག་གནས་ཐིང་གིས་མཉམ་དུ་བཟོས་པའི་《ཐང་གའི་རིགས་དབྱེའི་》ས་གནས་ཚད་གཞི་དེས་ཐང་གའི་རྒྱུ་ཆ་དང་བཟོ་སྟངས་དང་། ནང་དོན་དང་བརྗོད་གཞི། ཁྱད་ཆོས་དང་འབྲི་རྒྱུན་བཅས་ཕྱོགས་གསུམ་གྱི་ཐོག་ནས་བོད་ཀྱི་ཐང་གར་རིགས་དབྱེ་གསལ་པོ་ཕྱེ་ཡོད།
         བོད་རང་སྐྱོང་ལྗོངས་ཚད་ལྡན་ཅན་ཞིབ་འཇུག་སུའོ་ཡི་འབྲེལ་ཡོད་འགན་འཁུར་བས་གསར་འགོད་པར་ཐང་གའི་རྒྱུ་ཆ་དང་འབྲི་སྲོལ་གཞིར་བཟུང་བྲིས་ཐང་དང་། འཚེམ་ཐང་། གསེར་ཐང་བཅས་རིགས་གསུམ་ལ་དབྱེ་ཡོད། ནང་དོན་དང་བརྗོད་གཞི་གཞིར་བཟུང་སྐུ་འདྲའི་རིགས་ཀྱི་ཐང་ག་དང་། སྒྲུང་གཏམ་རིགས་ཀྱི་ཐང་ག ཆོས་ལུགས་བསྟན་དོན་རིགས་ཀྱི་ཐང་ག བོད་ལུགས་གསོ་རིག་རིགས་ཀྱི་ཐང་ག གནམ་རིས་སྐར་རྩིས་རིགས་ཀྱི་ཐང་ག དམངས་ཁྲོད་རིགས་ཀྱི་ཐང་ག བཟོ་སྐྲུན་རིགས་ཀྱི་ཐང་ག རིགས་གཞན་དག་གི་ཐང་ག་བཅས་སུ་དབྱེ་ཡོད། ཁྱད་ཆོས་དང་འབྲི་རྒྱུན་གཞིར་བཟུང་བལ་ལུགས་དང་། བྱིའུ་སྒང་པའི་ལུགས། སྨན་ཐང་ལུགས། མཁྱེན་རྩེ་ལུགས། སྒར་བྲིས་ལུགས། སྨན་གསར་ལུགས། བྲིས་ལུགས་གཞན་དག་བཅས་སུ་དབྱེ་ཡོད་པ་མ་ཟད། བྲིས་ལུགས་གཞན་དག་དབྱེ་ཡོད་པ་དེ་གཙོ་བོ་ཐང་གའི་ཉམས་འགྱུར་ལ་རྒྱུན་ཆད་མེད་པར་འཕེལ་རྒྱས་འགྲོ་བཞིན་ཡོད་པས་འབྲི་ལུགས་གསར་པ་ཐོན་བཟོ་ཡོད། མི་འགའ་ཞིག་གིས་ཀརྨ་སྒར་བྲིས་ལུགས་དེའི་ནང་འཁོད་པ་མེད་པ་གང་ཡིན་ནམ་བསམ་སྲིད། དོན་དངོས་ཐོག་ཀརྨ་སྒར་བྲིས་ལུགས་དེ་སྒར་བྲིས་ལུགས་ནང་གི་ཡན་ལག་ཅིག་ཡིན་པས་རིགས་གཅིག་མཁས་ཅན་ཚོས་གྲོས་བསྡུར་བྱས་རྗེས་ཀརྨ་སྒར་བྲིས་ལུགས་དེ་སྒར་བྲིས་ལུགས་ནང་བཅུག་ཡོད་ཅེས་བཤད་བྱུང་།
      

    ཕྱོགས་བསྡུས་གསར་འགྱུར།