འཚོལ་བཤེར།   
藏文频道
2016ལོའི་ཟླ་4ཚེས་6ཉིན།
  • མི་དམངས་དྲ་བ།

    ༄༅།།ས་གནས་ཁག་གི་མང་ཚོགས་ཚོས་སྔོན་གཤེགས་དཔའ་བོའི་བང་སོ་ཁང་དུ་མྱ་ངན་ཞུས་
    ནས་སྔོན་བྱོན་གྱི་སྙིང་སྟོབས་རྒྱུན་འཛིན་བྱས་པ།

    ཆུ་འཐུང་དུས་ཁྲོན་པ་འདྲུ་མཁན་བརྗེད་མི་རུང་། དྭངས་གསལ་དུས་ཚིགས་སུ་དཔའ་བོར་དྲན་གསོ་ཞུ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 04ཚེས་06ཉིན། 10:58】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         དྭངས་གསལ་དུས་ཚིགས་ཀྱི་སྔ་ནུབ་ཏུ་ས་གནས་ཁག་གི་མང་ཚོགས་སྔོན་གཤེགས་དཔའ་བོའི་བང་སོ་ཁང་དུ་བསྐྱོད་དེ་མྱ་ངན་ཞུས་ནས་སྔོན་བྱོན་གྱི་སྙིང་སྟོབས་རྒྱུན་འཛིན་བྱས་ཏེ་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་མངོན་འགྱུར་བྱ་ཆེད་འབད་འཐབ་ལྷོད་མེད་བྱ་རྒྱུའི་དམ་བཅའ་བཞག་པ་རེད།
         ཚེས་4ཉིན་གྱི་སྔ་དྲོ། པེ་ཅིང་གི་གྲོང་མི་ཁག་གཅིག་དབན་ཨན་སྤྱི་པའི་བང་སོ་ཁང་དུ་ཡོད་པའི་ལི་ཏ་ཀྲའོ་ཡི་སྔོན་གཤེགས་དཔའ་བོའི་བང་སོར་བསྐྱོད་ཅིང་། སློབ་ཆུང་ལོ་རིམ་ལྔ་པའི་སློབ་མ་ལི་དབྱི་ཧྥེ་ཡིས་སྐུ་ཞབས་ལི་ཏ་ཀྲའོ་ཡི་འཇིམ་བརྙན་མདུན་དུ་ཀྲོང་ངེར་ལངས་ཏེ་ལོ་ཆུང་གདོང་ལེན་རུ་མིའི་གོས་འདུད་ཞུས་པ་རེད། བུ་མོ་དེ་ཞང་ཞང་ཧྥང་ཅིན་ཧྭ་དང་མཉམ་དུ་ཁྱིམ་ཚང་གི་འདས་མཆོད་བྱེད་སྒོར་ཞུགས་ཐེངས་དང་པོ་ཡིན་པ་རེད།
         དྭངས་གསལ་དུས་ཚིགས་རིང་ཧྲའན་ཤིས་ས་གནས་ཁག་གི་ལས་བྱེད་པ་དང་མང་ཚོགས་དང་ན་གཞོན་སློབ་མ་སྔོན་གཤེགས་དཔའ་བོའི་བང་སོ་ཁང་དུ་བསྐྱོད་དེ་བང་སོར་དུར་འཕྱག་བྱས་ཏེ་སྔོན་གཤེགས་དཔའ་བོར་དྲན་གསོ་ཞུས་ཤིང་། གསར་བརྗེའི་རྟེན་གཞི་ཁུལ་རྙིང་པ་ཡན་ཨན་དུ་ལས་རིགས་ཁག་གི་མང་ཚོགས་རྣམས“བཞི་བརྒྱད་སྔོན་གཤེགས་དཔའ་བོའི་བང་སོ་ཁང”དང“ལིའུ་ཀྲེ་ཏན་སྔོན་གཤེགས་དཔའ་བོའི་བང་སོ་ཁང”“ཤེ་ཙེ་ཁྲང་སྔོན་གཤེགས་དཔའ་བོའི་བང་སོ་ཁང”བཅས་སུ་བསྐྱོད་དེ་འདས་མཆོད་དུར་འཕྱག་བྱེད་སྒོ་སྤེལ་བ་རེད།
         ནན་ཁྲང་བརྒྱད་གཅིག་འོས་ལངས་དྲན་གསོ་ཁང་གིས་སྔོན་གཤེགས་དཔའ་བོར་འདས་མཆོད་བྱེད་པར་ཡོང་མཁན་གྲོང་མི་མང་པོར་སྣེ་ལེན་ཞུས་ཤིང་། ནན་ཁྲང་གི་གྲོང་མི་ཝུའུ་ཅན་པིན་ནི་དམག་ལོག་དམག་མི་ཞིག་ཡིན་པ་དང་། ཁོང་གིས“དམག་ཆས་ཕུད་ཀྱང་ང་ནི་ད་དུང་དམག་མི་གཅིག་ཡིན། ངས་དཔུང་སྡེའི་ནང་ཤེས་པའི་གསར་བརྗེའི་སྙིང་སྟོབས་བློ་ལ་བརྟན་པོར་ངེས་རྒྱུ་མ་ཟད། གསར་བརྗེའི་རྒྱུད་པ་རྒྱུན་འཛིན་བྱ་རྒྱུ་ཡིན”ཞེས་བཤད་བྱུང་།
         དྭངས་གསལ་དུས་ཚིགས་རིང་ཧའར་པིན་སྔོན་གཤེགས་དཔའ་བོའི་བང་སོ་ཁང་དུ་ལག་ཏུ་མེ་ཏོག་འཁྱེར་བའི་མི་ཚོགས་ཀྱིས་ཁེངས་ཤིང་། སྔོན་གཤེགས་དཔའ་བོའི་ནང་མི་དང་སློབ་མ་ཚོས་བྲང་ཁར་མེ་ཏོག་དཀར་པོ་བཏགས་ནས་དཔའ་བོའི་དྲན་གསོའི་རྡོ་རིང་མདུན་དུ་གུས་འདུད་ཞུ་བཞིན་འདུག
         ཚེས་3ཉིན་གྱི་ཕྱི་དྲོ། ཤིན་ཅང་ཝུའུ་ལུའུ་མུའུ་ཆིའི་སྔོན་གཤེགས་དཔའ་བོའི་བང་སོ་ཁང་གི་མི་དམངས་དཔའ་བོའི་དྲན་གསོའི་རྡོ་རིང་འོག་གི་གནས་མཐོ་སའི་ཐོག་ཀྲུང་གོ་གུང་ཁྲན་ཏང་གི་ཕུལ་བྱུང་ཏང་ཡོན་ཁྲེན་ཐན་ཆིའུ་དང་མའོ་ཙེ་མིང་སོགས་རླབས་ཆེན་མི་སྣ་ལྔ་ཡི་བང་སོའི་རྡོ་རིང་གྲལ་སྟར་བསྒྲིགས་པོས་བསླངས་འདུག གྲོང་མི་མི་ཉུང་བ་ཞིག་གིས་ཤོག་བུ་བཏོན་ནས་རྡོ་རིང་ཐོག་གི་ཆར་ཐིགས་འཕྱིད་བཞིན་སྣང་།
         ཤིན་ཅང་ཉི་ལེ་ཁེ་རྫོང་ཆའོ་མ་སྔོན་གཤེགས་དཔའ་བོའི་བང་སོ་ཁང་གི་བང་སོ་སྲུང་མཁན་ཁྲེན་ཅུན་ཀུའེ་ཡིས་ལོ་བཅུ་གྲངས་ཁ་ཤས་ཉིན་གཅིག་ལྟར་བང་སོ་ཁང་དེའི་ནང་ཡོད་པའི་ཏུའུ་ཁུའུ་གཞུང་ལམ་ཉམས་གསོའི་ནང་སྐུ་གཤེགས་པའི་འཐབ་གྲོགས་168དུར་སྲུང་གི་ཡོད། དུས་རབས་གོང་མའི་ལོ་རབས་བདུན་ཅུར་ལེའོ་ཉིང་ནས་ཡིན་པའི་ན་གཞོན་ཁྲེན་ཅུན་ཀུའེ་ཐན་ཧྲན་ཕྱོགས་སུ་བསྐྱོད་སའི་ཏུའུ་ཁུའུ་གཞུང་ལམ་ལམ་བཟོའི་ནང་ཞུགས་ཤིང་། དྲག་ཆར་རླུང་འཚུབ་དང་ཁ་བ་བུ་གཡུག་གིས་ལམ་བཟོའི་འཐབ་འཛིང་པ་ཚོའི་མདུན་སྐྱོད་ཀྱི་གོམ་སྟབས་བཀག་ག་ལ་ཐུབ། འཐབ་འཛིང་པ་རྙིང་པ་གསུམ་གྱིས་མོག་མོག་གཅིག་རང་དེ་ཁྲེན་ཅུན་ཀུའེ་ལ་སྦྱིན་ནས་ཁོང་གི་སྲོག་བསྐྱབས།
         ད་ཆ་ཁྲེན་ཅུན་ཀུའེ་དང་བཟའ་ཟླ་ནི་ཆའོ་མ་སྔོན་གཤེགས་དཔའ་བོའི་བང་སོ་ཁང་གི་དོ་དམ་པ་ཡིན། ཁོང་གིས“ངའི་མི་ཚེའི་ནང་ངས་པན་ཀྲང་དང་འཐབ་གྲོགས་ཚོ་ཡག་པོ་སྲུང་གི་ཡིན་ལ། ཁོང་ཚོའི་བྱས་རྗེས་རྒྱུན་འཛིན་བྱ་རྒྱུ་ཡིན”ཞེས་བརྗོད་བྱུང་།
         ཚེས་4ཉིན་ལྷ་སར་ནམ་མཁའ་གཡུ་ལྟར་སྔོ་ཞིང་། བོད་རང་སྐྱོང་ལྗོངས་དང་ལྷ་ས་གྲོང་ཁྱེར་གྱི་ལས་ཁུངས་ཚན་པ་ཁག་གི་ལས་དོན་མི་སྣ་དང་། དམག་མི། མང་ཚོགས་བཅས་མ་གྲོས་གཅིག་མཐུན་ངང་སྔོན་གཤེགས་དཔའ་བོའི་བང་སོ་ཁང་དུ་བསྐྱོད་དེ་འདས་མཆོད་དུར་འཕྱག་གི་བྱེད་སྒོ་སྤེལ་བ་རེད།
         ཁུང་ཕན་སེན་གྱི་རྡོ་རིང་འཁྲིས་སུ་ཡོད་པའི་ཤུག་པའི་ཐོག་ལུག་མིག་མེ་ཏོག་དཀར་པོ་དང“མྱ་ངན་ཞུ”ཞེས་བྲིས་པའི་ཤོག་བུས་ཁེངས་ནས་འདུག ཁུང་ཕན་སེན་སྐུ་འཚོ་ཞུགས་སྐབས་གསོས་གནང་བའི་ཀུན་བཟང་དབང་མོས“ང་དང་གཅེན་པོར་ཆུང་དུས་ནས་ཕ་མ་མེད། སྤོ་བོ་ཁུང་ཕན་སེན་ལགས་ཀྱིས་ང་གཉིས་གསོས་པ་རེད། ཁོང་གིས་རྒྱུན་དུ་ང་ཚོར་མི་ཡག་པོ་ཞིག་བྱེད་དགོས་པའི་སློབ་གསོ་བསྐྱོན་གྱི་ཡོད། ངས་ཀྱང་ཕྲུ་གུར་ཁོང་དང་འདྲ་བའི་མི་ཡག་པོ་ཞིག་བྱེད་དགོས་པའི་སློབ་གསོ་རྒྱག་གི་ཡོད”ཅེས་བཤད་བྱུང་།
         ཁུན་མིང་གྲོང་ཁྱེར་ཡོན་ཐུང་རི་བོའི་ཐོག་གི་ཡུན་ནན་ནུབ་རྒྱུད་ཀྱི་རི་འགོག་དམག་འཁྲུག་གི་དྲན་གསོའི་རྡོ་རིང་མདུན་དུ་གྲོང་མི་ཚོས་གཅིག་རྗེས་གཉིས་མཐུད་ངང་མེ་ཏོག་སོས་པ་ཕུལ་ཞིང་། “འཐབ་འཛིང་པ་རྣམས་དམག་སར་ཤོར་ནས་ཁྱིམ་སྲུང་རྒྱལ་སྲུང་གི་ལོ་རྒྱུས་ཀྱི་རྣམ་པ་དེ་མིག་ལམ་དུ་འཆར་གྱི་འདུག རྒྱལ་ཁབ་ཆེད་རང་སྲོག་བློས་གཏོང་མཁན་དཔའ་ངར་ལྡན་པའི་དཔོན་དམག་རྣམས་ལ་ང་ཚོ་མི་རབས་རྗེས་མས་ནམ་ཡང་དད་གུས་ཞུ་རྒྱུ་ཡིན”ཞེས་འདས་མཆོད་བྱེད་པར་ཡོང་མཁན་ཝུའེ་ཅེས་དྲན་གསོའི་རྡོ་རིང་ལ་ཕྱོགས་ནས་དེ་ལྟར་བརྗོད་བྱུང་།
         འདི་ལོ་ནི་ཀྲུང་གོའི་བཟོ་ཞིང་དམར་དམག་རྒྱང་སྐྱོད་ལ་རྒྱལ་ཁ་ཐོབ་ནས་ལོ་80འཁོར་བའི་ལོ་ཡིན་ཞིང་། མཚོ་སྔོན་ཞིང་ཆེན་སྤྱི་ཚོགས་ཚན་རིག་ཁང་གི་དེ་སྔའི་ཡོན་ཀྲང་གཞོན་པ་ཚུའེ་ཡུང་ཧུང་གིས་1936ལོར་ཀྲུང་གོ་བཟོ་ཞིང་དམར་དམག་དམག་དཔུང་བཞི་པའི་དམག་མི་ཁྲི་2.18ཀྱིས་ནུབ་ནས་རྨ་ཆུ་སྒྲོལ་བ་དང་། ལོག་སྤྱོད་དྲག་ཆས་ཀྱི་བསྐོར་བཅོམ་ནང་ཕལ་ཆེ་བ་གྲོངས་པའི་སྐོར་ངོ་སྤྲོད་བྱས་བྱུང་།
         དྭངས་གསལ་དུས་ཚིགས་ཀྱི་སྔ་ནུབ་ཏུ་མཚོ་སྔོན་ཞིང་ཆེན་ཟི་ལིང་གྲོང་ཁྱེར་གྱི་ཀྲུང་གོ་བཟོ་ཞིང་དམར་དམག་ནུབ་ལམ་དམག་གི་སྔོན་གཤེགས་དཔའ་བོའི་བང་སོ་ཁང་གི་དཀྱིལ་དུ་མཐོ་ཚད་སྨི་10ལྷག་ཙམ་ཡོད་པའི་དྲན་གསོའི་རྡོ་རིང་ཞིག་བསླངས་འདུག དྲན་གསོའི་རྡོ་རིང་རྒྱབ་ཀྱི་ཚངས་ཐིག་སྨི་10ཙམ་ཡོད་པའི་ཨར་འདམ་གྱི་མིང་མེད་སྔོན་གཤེགས་དཔའ་བོའི་བང་སོའི་མཐའ་བཞིར་ལུག་མིག་མེ་ཏོག་མང་པོ་བཞག་འདུག ཟི་ལིང་གྲོང་ཁྱེར་སྐར་དམར་སློབ་ཆུང་གི་ཕྲུ་གུ་ཚོས་སྙན་ངག་གྱེར་འདོན་བྱས་ནས་གསར་བརྗེའི་སྔོན་གཤེགས་དཔའ་བོར་དྲན་གསོ་ཞུ་བཞིན་འདུག
         དྭངས་གསལ་དུས་ཚིགས་ཀྱི་གོང་དུ་གསར་འགོད་པ་བོད་ལྗོངས་ཉིང་ཁྲི་གྲོང་ཁྱེར་གྱི་མཐའ་མཚམས་རྫོང་གྲོང་རྫ་ཡུལ་དུ་ཡོད་པའི་སྔོན་གཤེགས་དཔའ་བོའི་དྲན་གསོ་ཁང་དུ་བསྐྱོད་སྐབས་དེ་གར་གསར་བརྗེའི་སྔོན་གཤེགས་དཔའ་བོ་447སྦས་ཡོད་པ་དང་། ཐང་ཤའོ་ཕུའུ་ནི་དཔའ་བོ་དེ་དག་གི་ཁྲོད་ནས་གཅིག་ཡིན། རྫ་ཡུལ་རྫོང་འདི་ཉིད་མཐའ་བཞི་རི་བོས་སྐོར་བ་དང་ལང་ལོང་དུ་རྒྱུག་པའི་རྫ་ཡུལ་གཙང་ཆུ་འདི་ཉིད་མི་རྣམས་ལ་སྔར་སོང་གི་གནས་ཚུལ་བརྗོད་པ་དང་མ་འོངས་ལ་རྒྱང་ལྟ་བྱེད་པ་ལྟར་དུ་སྣང་།
      

    ཕྱོགས་བསྡུས་གསར་འགྱུར།