འཚོལ་བཤེར།   
藏文频道
2016ལོའི་ཟླ་4ཚེས་6ཉིན།
  • མི་དམངས་དྲ་བ།

    ༄༅།།ཅན་ཆའོ་སློབ་ཆེན་དཔེ་མཛོད་ཁང་གིས“འཛམ་གླིང་གི་རླབས་ཆེའི་ཡི་གེ”འགྲེམས་སྟོན་བྱ་རྒྱུ་ཡིན་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 04ཚེས་06ཉིན། 09:35】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
         མི་དམངས་དྲ་བའི་འཕྲིན། ཅན་ཆའོ་སློབ་ཆེན་དཔེ་མཛོད་ཁང་བཙུགས་ནས་ལོ་600འཁོར་བར་རྟེན་འབྲེལ་ཞུ་ཆེད་ཅན་ཆའོ་སློབ་ཆེན་དཔེ་མཛོད་ཁང་གིས་ཉེ་ཆར་དུས་ཡུན་ལོ་ཕྱེད་ཀྱི་ཡི་གེའི་འགྲེམས་སྟོན་ཆེ་གྲས་གཉེར་ནས་ཡི་གེས་འཛམ་གླིང་ལ་འགྱུར་ལྡོག་གཏོང་བའི་སྟོབས་ཤུགས་མངོན་པ་བྱ་རྒྱུ་དང་འགྲེམས་སྟོན་ནང་ཀྲུང་གོའི་རུས་བརྐོས་ཡི་གེ་ཚུད་ཡོད་པ་དང་འགྲེམས་སྟོན་དངོས་རྫས་ཀྱི་70%འགྲེམས་སྟོན་བྱེད་ཐེངས་དང་པོ་ཡིན་པ་རེད།
         ད་ཐེངས་ཀྱི་འགྲེམས་སྟོན་གྱི་མིང་དེ“བསམ་བློའི་འཐབ་ས། འཛམ་གླིང་ལ་འགྱུར་ལྡོག་གི་ཤེས་རྟོགས”ཞེས་པ་ཡིན་པ་དང་། སྤེལ་རེས་དང་། གཞི་རྒྱུ། ཆོས་ལུགས། ལྗིད་ཤུགས། རྩོམ་རིག གཤགས་ལས་རིག་པ་བཅས་བརྗོད་བྱ་གཙོ་བོ་དྲུག་ལ་དབྱེ་ནས་སྔར་ནས་ད་བར་ལོ་ངོ་4000སྒྲོལ་བའི་ཡིག་ཆའི་འགྲེམས་སྟོན་དངོས་རྫས་80ལྷག་ཙམ་འགྲེམས་སྟོན་བྱ་རྒྱུ་རེད། དེའི་ནང་སྤེལ་རེས་བརྗོད་བྱ་གཙོ་བོར་བྱེད་པའི་འགྲེམས་ཁུལ་དུ་དཔེ་མཛོད་ཁང་དུ་ཉར་ཚགས་བྱས་པའི་ཆེས་སྔ་ཤོས་ཀྱི་འགྲེམས་སྟོན་དངོས་རྫས་ཏེ་སྤྱི་ལོའི་གོང་གི་ལོ་2000ལྷག་ཙམ་གྱི་རྩབ་གཟུགས་ཡི་གེའི་འདམ་ལེབ་དང་ལོ་3000ལྷག་ཙམ་གྱི་ལོ་རྒྱུས་ལྡན་པའི་ཀྲུང་གོའི་རུས་བརྐོས་ཡི་གེ་འགྲེམས་སྟོན་བྱ་རྒྱུ་རེད།
         ཅན་ཆའོ་སློབ་ཆེན་དཔེ་མཛོད་ཁང་རྒྱ་ཡིག་པུའི་ཀྲུའུ་རེན་ཁྲར་སི་ཨེར་མོས་གསར་འགོད་པར་བརྗོད་པར་གཞིགས་ན། ཅན་ཆའོ་སློབ་ཆེན་དཔེ་མཛོད་ཁང་དུ་རུས་བརྐོས་ཡི་གེ་614ཡོད་པའི་ནང་ད་ཐེངས་ཁག་17འགྲེམས་སྟོན་བྱ་རྒྱུ་དང་དེའི་ནང་ནས་རུས་བརྐོས་ཡི་གེ་གཅིག་ལ་གླང་སྤྱད་ནས་མེས་པོར་མཆོད་འབུལ་བྱེད་མིན་འདྲི་བའི་ནང་དོན་བཀོད་ཡོད་པ་རེད།
         གཞན་ཡང་། ཉིའུ་ཏུན་ངོ་མས་མཆན་འགྲེལ་བྲིས་པའི་པར་གཞི་དང་པོའི་《རང་བྱུང་མཚན་ཉིད་རིག་པའི་རྩིས་རིག་རྩ་བའི་རིག་པ་》དང་། ཅ་ལི་ལུའེ་ཡིས་རྒྱང་ཤེལ་སྤྱད་ནས་མཁའ་དབྱིངས་ཀྱི་སྐར་མར་བལྟ་ཞིབ་བྱས་རྗེས་སྤེལ་བའི་《སྐར་མའི་བར་གྱི་ཕོ་ཉ་》མིའི་རིགས་དང་སྤྲ་མི་མེས་པོ་གཅིག་གི་ཁོངས་སུ་གཏོགས་པའི་སྐོར་གྱི་ཏར་ཝུན་གྱི་སྐྱ་རིས་དང་ཧོ་ཅིན་གྱི་《དུས་ཚོད་ཀྱི་ལོ་རྒྱུས་མདོར་བསྡུས་》ཀྱི་ལྕགས་པར་མ་ཟིན་སོགས་རྩ་ཆེའི་ཉར་ཚགས་དངོས་པོ་ཡོངས་བསྒྲགས་སུ་འགྲེམས་སྟོན་བྱ་རྒྱུ་རེད།
         ཅན་ཆའོ་དཔེ་མཛོད་ཁང་གི་ཀོན་ཀྲང་ཨན་ཉི་ཅ་ཝུའེ་སིས་བརྗོད་པར་གཞིགས་ན། 1416ལོ་ནས་བཟུང་བྲིས་མ་ཉུང་ཤས་ཡོད་པ་ནས་ད་ཆ་ཉར་ཚགས་དངོས་པོ་ཁྲི་800ཡོད་པའི་བར་མིའི་རིགས་ཀྱི་བསམ་བློ་འཚོལ་བསྡུ་བྱེད་པའི་ཐད་ཅན་ཆའོ་སློབ་ཆེན་དཔེ་མཛོད་ཁང་གིས་ལེགས་སྐྱེས་ཧ་ཅང་ཆེན་པོ་ཕུལ་ཡོད། འགྲེམས་སྟོན་ནང་འགག་རྩའི་བརྗོད་བྱ་གཙོ་བོ་6གིས་མཚོན་པའི་དངོས་པོས་ང་ཚོར་མིག་སྔར་གྲུབ་པའི་འཛམ་གླིང་དང་རིག་གནས་ཁྲོད་གནས་བབ་གལ་ཆེན་བཟུང་ཡོད།
         ད་ཐེངས་ཀྱི་འགྲེམས་སྟོན་ཟླ་9ཚེས་30ཉིན་བར་རྒྱུན་མཐུད་གཉེར་རྒྱུ་དང་ལྟ་སྐོར་བས་རིན་མེད་ངང་ལྟ་སྐོར་བྱེད་ཆོག་གི་ཡོད་པ་རེད།
         ཤེས་རྟོགས་བྱུང་བར་གཞིགས་ན། འབྲེལ་ཡོད་ཅན་ཆའོ་སློབ་ཆེན་དཔེ་མཛོད་ཁང་གི་གནས་ཚུལ་སྔ་ཤོས་1416ལོར་བཀོད་ཡོད་པས་དཔེ་མཛོད་ཁང་གིས་འདི་ལོ་ལོ་600འཁོར་བའི“རྟེན་འབྲེལ་ལོ་ཞིག”ལ་གཏན་འཁེལ་བྱས་པ་དང་དེའི་ལོ་རྒྱུས་ཏ་དབྱིན་དཔེ་མཛོད་ཁང་ལས་སྔ་བ་ཡོད། མིག་སྔར་ཅན་ཆའོ་སློབ་ཆེན་དཔེ་མཛོད་ཁང་དུ་དཔེ་དེབ་ཁྲི་800ཉར་ཚགས་བྱས་ཡོད་པ་དང་དེའི་ནང་ནས་དཔེ་དེབ་ཁྲི་200ཀློག་པ་པོས་དུས་གང་རུང་དུ་ལྟ་ཀློག་བྱེད་ཆོག་པས་ཡོ་རོབ་ཀྱི་དཔེ་སྒྲོམ་ནས་ཐད་ཀར་འདེམས་ཀློག་བྱེད་ཆོག་པའི་དཔེ་མཛོད་ཁང་ཆེ་ཤོས་ཀྱི་གྲས་ཤིག་ཏུ་གྱུར་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།