འཚོལ་བཤེར།   
藏文频道
2015ལོའི་ཟླ་12ཚེས་8ཉིན།
  • མི་དམངས་དྲ་བ།

    ༄༅།།པེ་ཅིང་དང་། ཐེན་ཅིན། ཧོ་པེ་བཅས་ཀྱིས་ས་ཁོངས་ཁོར་ཡུག་སྲུང་སྐྱོང་མཉམ་ལས་སྒྲོམ་གཞིའི་
    གྲོས་མཐུན་ལ་མིང་རྟགས་བཀོད་པ། 

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 12ཚེས་08ཉིན། 11:20】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
         མི་དམངས་དྲ་བའི་འཕྲིན། པེ་ཅིང་དང་། ཐེན་ཅིན། ཧོ་པེ་བཅས་ས་ཁུལ་གསུམ་གྱི་ཁོར་ཡུག་སྲུང་སྐྱོང་སྡེ་ཚན་གྱིས་ཉེ་ཆར་《པེ་ཅིང་དང་། ཐེན་ཅིན། ཧོ་པེ་བཅས་ཀྱི་ས་ཁོངས་ཁོར་ཡུག་སྲུང་སྐྱོང་སྔོན་ལ་ཚད་བརྒལ་ཡོང་བའི་མཉམ་ལས་སྒྲོམ་གཞིའི་གྲོས་མཐུན་》(གཤམ་དུ་གྲོས་མཐུན་ཞེས་བརྗོད་རྒྱུ)ལ་དངོས་སུ་མིང་རྟགས་བཀོད་དེ་རླུང་ཁམས་དང་། ཆུ། ས་རྒྱུ་བཅས་ཀྱི་སྦགས་བཙོག་འགོག་བཅོས་གཙོ་གནད་དུ་བྱེད་པ་དང་མཉམ་འབྲེལ་ཐོག་ཁྲིམས་འཛུགས་དང་། གཅིག་གྱུར་འཆར་འགོད། གཅིག་གྱུར་ཚད་གཞི། གཅིག་གྱུར་ཐོག་ལྟ་ཞིབ་ཚད་ལེན། མཉམ་དུ་སྦགས་བཅོས་སོགས་ཕྱོགས་བཅུ་འགག་སྒྲོལ་དུ་བྱས་ཏེ་མཉམ་འགོག་མཉམ་སྡོམ་གྱི་ཐོག་ནས་ས་ཁོངས་སྣོད་བཅུད་ཁོར་ཡུག་གི་སྤུས་ཚད་ཐུན་མོང་ཐོག་ལེགས་སུ་གཏོང་རྒྱུ་ཡིན་པ་རེད།
         གྲོས་མཐུན་གཞིར་བཟུང་། འབྱུང་འགྱུར་པེ་ཅིང་དང་། ཐེན་ཅིན། ཧོ་པེ་བཅས་ས་ཁུལ་གསུམ་གྱིས་གཙོ་གནད་ལས་དོན་ཁག་བཅུ་ནས་སྔོན་ལ་་ཚད་བརྒལ་ཡོང་བ་བྱ་རྒྱུ་ཡིན་ཞིང་། མཉམ་འབྲེལ་ཁྲིམས་འཛུགས་ཀྱི་ཐོག་ནས་ཁོར་ཡུག་སྲུང་སྐྱོང་པུའི་འགོ་ཁྲིད་འོག་《པེ་ཅིང་དང་། ཐེན་ཅིན། ཧོ་པེ་བཅས་ཀྱི་ས་ཁོངས་ཁོར་ཡུག་སྦགས་བཙོག་འགོག་བཅོས་སྲོལ་ཡིག་》ཐུན་མོང་ཐོག་རྩོམ་བཟོ་བྱ་རྒྱུ་དང་། གཅིག་འགྱུར་འཆར་འགོད་ཀྱི་ཐོག་ནས་རྒྱལ་ཁབ་ཀྱི་《པེ་ཅིང་དང་། ཐེན་ཅིན། ཧོ་པེ་བཅས་ཀྱིས་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་ཐུན་མོང་ཐོག་འཕེལ་རྒྱས་གཏོང་རྒྱུའི་འཆར་གཞི་》སྤྱི་འདོམས་སུ་བྱས་ཏེ་རླུང་ཁམས་དང་། ཆུ། ས་རྒྱུ་བཅས་བེད་མེད་ཟོག་རོ་སོགས་ཁྱབ་ཁོངས་ཀྱི་ཆེད་དོན་འཆར་འགོད་ཐུན་མོང་ཐོག་བཟོས་ནས་ས་ཁོངས་ཀྱི་སྦགས་བཙོག་འགོག་བཅོས་གཅིག་འདོམས་བྱ་རྒྱུ། གཅིག་གྱུར་གྱི་ཚད་གཞིའི་ཐོག་ནས་ས་ཁོངས་མཉམ་ལས་ཀྱི་སྦགས་བཙོག་དངོས་པོའི་འབུད་བསྐྱུར་ཚད་གཞིའི་མ་ལག་བཙུགས་ནས་ས་ཁོངས་ཁོར་ཡུག་སྲུང་སྐྱོང་གི་ཆོག་འཐུས་ཚད་གཞི་རིམ་གྱིས་གཅིག་གྱུར་བཟོ་རྒྱུ། གཅིག་གྱུར་ཐོག་ལྟ་ཞིབ་ཚད་ལེན་བྱེད་པའི་ཐོག་ནས་རྒྱལ་ཁབ་ཀྱིས་གཅིག་གྱུར་གྱི་རླུང་ཁམས་དང་། ཆུ། ས་རྒྱུ་བཅས་ཀྱི་ཁོར་ཡུག་སྤུས་ཚད་ཀྱི་ལྟ་ཞིབ་ཚད་ལེན་དང་སྦགས་བཙོག་འབྱུང་རྩའི་ལྟ་ཞིབ་ཚད་ལེན་ལག་རྩལ་གྱི་ཚད་གཞིའི་ཁྲིད་སྟོན་འོག གཅིག་གྱུར་གྱི་ལྟ་ཞིབ་ཚད་ལེན་གྱི་སྤུས་ཚད་དོ་དམ་མ་ལག་ཞིབ་འཇུག་གཏན་འཁེལ་བྱས་ནས། ས་ཁོངས་སྣོད་བཅུད་ཁོར་ཡུག་ལྟ་ཞིབ་ཚད་ལེན་དྲ་རྒྱ་ཐུན་མོང་ཐོག་བསྐྲུན་རྒྱུ། ཆ་འཕྲིན་མཉམ་སྤྱོད་ཀྱི་ཐོག་ནས་ཞིང་ཆེན་(གྲོང་ཁྱེར)གསུམ་གྱི་ཁོར་ཡུག་ཆ་འཕྲིན་མཉམ་སྤྱོད་སྟེགས་བུ་བསྐྲུན་ཏེ་ཁོར་ཡུག་གི་སྤུས་ཚད་དང་སྦགས་བཙོག་འབུད་བསྐྱུར་དང་། དེ་བཞིན་སྦགས་བཙོག་བཅོས་སྐྱོང་གི་ལག་རྩལ་དང་སྲིད་ཇུས་སོགས་ཀྱི་ཆ་འཕྲིན་མཉམ་དུ་སྤྱོད་རྒྱུ། མཉམ་དུ་སྦགས་བཅོས་བྱེད་པའི་ཐོག་ནས་ས་ཁོངས་ཀྱི་ཐུན་མོང་རང་བཞིན་གྱི་སྦགས་བཙོག་གནད་དོན་ལ་དམིགས་ཏེ་རླུངས་ཁམས་དང་། ཆུ། ས་རྒྱུ་བཅས་ཀྱི་སྦགས་བཙོག་བཅོས་སྐྱོང་བྱ་རྒྱུ་དང་མཉམ་དུ་སྣོད་བཅུད་འཛུགས་སྐྱོང་ཐུན་མོང་ཐོག་ལག་བསྟར་བྱ་རྒྱུ། མཉམ་འགུལ་ཁྲིམས་འཛིན་གྱི་ཐོག་ནས་ས་ཁོངས་བརྒལ་བ་དང་འབབ་ཡུལ་བརྒལ་བའི་ཁོར་ཡུག་སྦགས་བཙོག་དང་། དེ་བཞིན་སོག་མ་སྲེག་པ་དང་། རྡོ་སོལ། སྣུམ་གྱི་སྤུས་ཚད་སོགས་ས་ཁོངས་རང་བཞིན་གྱི་ཁོར་ཡུག་གནད་དོན་ལ་དམིགས་ཏེ་དུས་ཚོད་གཅིག་སྡུད་ཀྱིས་མཉམ་འགུལ་ཁྲིམས་འཛིན་ལས་དོན་སྤེལ་ནས་ཁྲིམས་འགལ་གྱི་སྦགས་བཙོག་བྱེད་སྤྱོད་ལ་ཐུན་མོང་ཐོག་རྡུང་རྡེག་གཏོང་རྒྱུ་སོགས་རེད།
      

    ཕྱོགས་བསྡུས་གསར་འགྱུར།