འཚོལ་བཤེར།   
藏文频道
2015ལོའི་ཟླ་12ཚེས་8ཉིན།
  • མི་དམངས་དྲ་བ།

    ༄༅།།ཞིང་ཆེན་བཅུ་གསུམ་གྱིས་གྲོང་ཚོ་རིམ་པའི་མཉམ་སྡེབ་དཔལ་འབྱོར་ཚོད་ལྟའི་ལས་དོན་སྤེལ་རྒྱུ་ཡིན་པ། 

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 12ཚེས་08ཉིན། 11:19】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
         མི་དམངས་དྲ་བའི་འཕྲིན། ནོར་སྲིད་པུས་གོང་ཚེས་ཉིན་སྤྱི་ཚོགས་ལ་《གྲོང་ཚོ་རིམ་པའི་མཉམ་སྡེབ་་དཔལ་འབྱོར་འཕེལ་རྒྱས་ཚོད་ལྟའི་ལས་དོན་ལ་རོགས་སྐྱོར་བྱེད་རྒྱུའི་སྐོར་གྱི་མཛུབ་ཁྲིད་བསམ་འཆར་》ཁྱབ་བསྒྲགས་བྱས་པའི་ནང་གྲོང་གསེབ་ཀྱི་མཉམ་སྡེབ་དཔལ་འབྱོར་ནི་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་དབང་ལམ་ལུགས་དཔལ་འབྱོར་གྱི་གྲོང་གསེབ་ཏུ་མངོན་ཚུལ་གཙོ་བོ་ཞིག་ཡིན་པ་དང་། གྲོང་ཚོ་རིམ་པའི་མཉམ་སྡེབ་དཔལ་འབྱོར་འཕེལ་རྒྱས་ལ་རོགས་སྐྱོར་དང་གྲོང་ཚོ་རིམ་པའི་མཉམ་སྡེབ་དཔལ་འབྱོར་དངོས་ཤུགས་ཆེ་རུ་གཏོང་བ་ནི་དུས་རབས་གསར་པ་དང་དུས་སྐབས་གསར་པའི་ནང་གྲོང་གསེབ་ཀྱི“གཅིག་གྱུར་དང་ཁ་ཐོར་ཟུང་འབྲེལ་དང་རིམ་གཉིས་གཉེར་སྐྱོང་བྱེད་པའི”གཞི་རྩའི་དཔལ་འབྱོར་ལམ་ལུགས་འཐུས་ཚང་དུ་གཏོང་བ་ཞིག་ཡིན་ཞེས་འཁོད་ཡོད་པ་རེད།
         2016ལོར་ཀྲུང་དབྱང་ནོར་སྲིད་ཀྱིས་ཞིང་ཆེན་13བདམས་ནས་ཚོད་ལྟའི་ལས་དོན་སྤེལ་རྒྱུ་ཡིན་ཞིང་། ཀྲེ་ཅང་དང་ཉིང་ཞ་སྟེ་དེ་སྔའི་ཚོད་ལྟ་བྱ་ཡུལ་གཉིས་ཀྱི་རྨང་གཞིའི་ཐོག་ཧོ་པེ་དང་། ལིའོ་ཉིང་། ཅང་སུའུ། ཨན་ཧུའེ། ཅང་ཤིས། ཧྲན་ཏུང་། ཧོ་ནན། ཀོང་ཏུང་། ཀོང་ཤིས། ཀུའེ་ཀྲོའུ། ཡུན་ནན་བཅས་ཞིང་ཆེན་11གསར་དུ་བསྣན་ནས་དུས་སྐབས་ངེས་ཅན་ནང་ཚོད་ལྟའི་ལས་དོན་སྤེལ་རྒྱུ་ཡིན་པ་རེད། ཀྲུང་དབྱང་ནོར་སྲིད་ཀྱིས་རོགས་དངུལ་བྱ་དགར་སྒྱུར་བའི་བྱེད་སྟངས་ཐོག་ནས་ས་གནས་ཁག་གི་ཚོད་ལྟའི་ལས་དོན་ལ་རྒྱབ་སྐྱོར་བྱེད་རྒྱུ་དང་། ཞིང་ཆེན་རིམ་པའི་ནོར་སྲིད་སྡེ་ཚན་གྱིས་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་དགོས་ལ། གྲོང་ཁྱེར་དང་རྫོང་གིས་ཀྱང་དགོས་ངེས་ཀྱི་རྒྱབ་སྐྱོར་བྱེད་དགོས། ཚོད་ལྟའི་མ་དངུལ་གཙོ་བོ་ས་ཞིང་སྤོ་རྒྱུད་བྱེད་རྒྱུར་ལྕག་སྐུལ་དང་། ས་ཞིང་ཁ་ཐོར་བསྡུ་སྒྲིལ། འཕེལ་རྒྱས་བཏང་ནས་ཞིང་ལས་ལ་ཞབས་ཞུ་བྱེད་པ། སྡེ་ལས་གཉེར་སྐྱོང་བཅས་ལ་ཁ་གསབ་སྤྲོད་པར་སྤྱོད་རྒྱུ་ལས་རྣམ་གྲངས་ལྷན་སྦྱར་དང་། ཤང་དང་གྲོང་ཚོའི་བུ་ལོན་འཇལ་བ། ཐོག་ཁང་དང་། ཚོགས་ཁང་། འགྲུལ་ཁང་། སྣེ་ལེན་ཁང་བཅས་འཛུགས་སྐྲུན་བྱེད་པ། འགྲིམ་འགྲུལ་འཕྲིན་གཏོང་ཡོ་བྱད་ཉོ་བ། མི་སྒེར་གྱི་གསབ་དངུལ་སྤྲོད་པ་སོགས་ཀྱི་ཐད་སྤྱོད་མི་རུང་།
         བསམ་འཆར་ནང་གྲོང་ཚོ་རིམ་པའི་མཉམ་སྡེབ་་དཔལ་འབྱོར་འཕེལ་རྒྱས་ལ་རོགས་སྐྱོར་བྱེད་པའི་གཞི་རྩའི་རྩ་དོན་ནི་མཉམ་སྡེབ་ལ་དབང་རྒྱུ་དང་། ཁྲོམ་ར་ཕྱོགས་སྟོན་དུ་འཛིན་རྒྱུ། སྒྱུར་བཅོས་གསར་གཏོད་བྱེད་རྒྱུ་བཅས་མཐའ་འཁྱོངས་བྱས་ཐོག་ཡུལ་བབ་དང་བསྟུན་ནས་གྲོང་ཚོས་གཙོ་ཁྲིད་བྱེད་རྒྱུ་དང་། གྲོང་ཚོ་མཉམ་སྡེབ་ཀྱི་བདག་དབང་ངོ་བོ་མི་བསྒྱུར་བ། གྲོང་ཚོའི་མཉམ་སྡེབ་ཀྱི་ཁེ་ཕན་ལ་མི་གནོད་པ། ཞིང་པའི་ཁེ་ཕན་ལ་མི་གནོད་པ་བཅས་ཀྱི“མ་མཐའི་མཚམས་ཐིག་གསུམ”མཐའ་སྐྱོང་གིས་མཉམ་སྡེབ་རྒྱུ་ནོར་གྱི་གནས་ཐང་སྲུང་འཕར་ཐུབ་རྒྱུར་སྐུལ་འདེད་བཏང་ནས་གྲོང་ཚོ་རིམ་པའི་མཉམ་སྡེབ་དཔལ་འབྱོར་འཕེལ་རྒྱས་གྲུབ་འབྲས་ལས་མཉམ་སྡེབ་དེའི་ཚོགས་མི་ཡོངས་ལ་ཕན་པ་ཐོབ་རྒྱུའི་འགན་ལེན་བྱེད་རྒྱུ། ས་གནས་ཁག་གིས་ཚོད་ལྟ་བྱ་ཡུལ་ཤང་དང་གྲོང་ཚོའི་ཐོན་ཁུངས་རྒྱུ་ནོར་གནས་ཚུལ་དང་ཁུལ་གནས་ཆ་རྐྱེན་ལྟར་གཤམ་གྱི་ཚོད་ལྟའི་ནང་དོན་ལ་གཅིག་གྱུར་འཆར་འགོད་སྒོས་བསམ་བློ་གཏོང་ཆོག
         —— གྲོང་ཚོ་མཉམ་སྡེབ་ཀྱིས་ས་ཞིང་མ་རྐང་མཉམ་ལས་ཁང་འཛུགས་རྒྱུར་རྒྱབ་སྐྱོར་བྱས་ནས། རང་འདོད་ངང་ནང་དུ་ཞུགས་པ་དང་། རང་མོས་ངང་ཕྱིར་ཐོན་པ། ཁེ་ཕན་མཉམ་སྤྱོད། ཉེན་ཁ་མཉམ་ཁུར་བཅས་ཀྱི་རྩ་དོན་ལྟར་གྲོང་ཚོ་མཉམ་སྡེབ་དཔལ་འབྱོར་གྱི་ཁོངས་མིས་ས་ཞིང་འགན་གཙང་གཉེར་སྐྱོང་དབང་ཆ་མ་རྐང་དུ་བརྩིས་ནས་མཉམ་ལས་ཁང་དུ་ཞུགས་རྒྱུར་སྐུལ་ལྕག་དང་ཁྲིད་སྟོན་བྱས་པ་དང་། གྲོང་ཚོ་མཉམ་སྡེབ་དཔལ་འབྱོར་གྱི་ཁོངས་མིས་ཁས་ལེན་པའི་གཉེར་སྐྱོང་བྱེད་སྟངས་སྤྱད་དེ་ཞིང་ལས་གཞི་ཁྱོན་འོས་འཚམ་གཉེར་སྐྱོང་འཕེལ་རྒྱས་ཀྱིས་ངལ་རྩོལ་གྱི་ཐོན་སྐྱེད་བྱེད་ཤུགས་དང་ས་ཞིང་ཐོན་སྐྱེད་བྱེད་ཚད་མཐོ་རུ་བཏང་ནས་ས་ཞིང་གཉེར་སྐྱོང་ཁེ་ཕན་ཆེ་ཤོས་རེག་པར་བྱེད་རྒྱུ།
         —— གྲོང་ཚོ་མཉམ་སྡེབ་ཀྱིས་ཞིང་ལས་ཐོན་སྐྱེད་གཉེར་སྐྱོང་མཉམ་ལས་ཁང་དང་ངལ་ལས་མཉམ་ལས་ཁང་སོགས་ཞབས་ཞུའི་དངོས་གཟུགས་འཛུགས་རྒྱུར་རྒྱབ་སྐྱོར་བྱས་ནས། ཁྲོམ་རའི་བྱེད་པོ་སྣ་ཚོགས་དང་ལྷག་པར་ཏུ་འབྲུ་རིགས་ཐོན་སྐྱེད་ཚོང་གཉེར་བྱེད་པོ་ཁག་ལ་ལས་སྣོན་དང་། འཁོར་སྐྱོད། ཉར་གསོག ངལ་ལས་སོགས་ཀྱི་གླ་ལེན་ཞབས་ཞུ་མཁོ་འདོན་གྱིས་ཞིང་ལས་དེ་ཉིད་ཐོན་སྐྱེད་ལྷུ་ཚིགས་ནས་ཐོན་སྐྱེད་སྔ་རྗེས་སུ་བསྲིངས་ཏེ་རིམ་པ་སྔར་བས་མཐོ་བ་དང་ཁྱབ་ཁོངས་སྔར་བས་ཆེ་བར་ཐོན་ལས་དང་པོ་དང་གཉིས་པ་དང་གསུམ་པ་མཉམ་འདྲེས་འཕེལ་རྒྱས་ཐུབ་པར་བྱེད་རྒྱུ།
         —— གྲོང་ཚོམ་མཉམ་སྡེབ་ཀྱིས་ཞིང་བེད་སྤྱོད་སྤྱི་ཡོངས་འཆར་འགོད་དང་གྲོང་ཁྱེར་དང་གྲོང་གསེབ་འཛུགས་སྐྲུན་འཆར་འགོད་ཀྱི་བླང་བྱ་ལྟར། ན་མོང་གཉེར་སྐྱོང་རང་བཞིན་ལྡན་པའི་འཛུགས་སྐྲུན་སྤྱོད་ས་སོགས་ཀྱི་ས་ཞིང་གསར་སྤེལ་བེད་སྤྱོད་ཐོག་རང་ནུས་ཅི་ལྕོགས་ཀྱིས་སྡེ་ལས་རྣམ་གྲངས་འཛུགས་སྐྲུན་བྱས་ནས་སྡེ་ལས་དཔལ་འབྱོར་འཕེལ་རྒྱས་བཏང་སྟེ། གྲོང་ཚོ་མཉམ་སྡེབ་ཀྱི་བེད་མེད་དུ་བསྐྱུར་བའི་གཞུང་ལས་སྤྱོད་ཁང་དང་། སློབ་གྲྭ མཛོད་ཁང་། ཚོགས་ཁང་སོགས་གཏན་འཇགས་རྒྱུ་ནོར་་སྤྱད་དེ་བོགས་གཏོང་གཉེར་སྐྱོང་བྱེད་རྒྱུ།
         —— ཆ་རྐྱེན་འཛོམས་པའི་གྲོང་ཚོས་གྲོང་ཚོ་རིམ་པའི་མཉམ་སྡེབ་དཔལ་འབྱོར་འཕེལ་རྒྱས་ལ་རོགས་སྐྱོར་བྱེད་པའི་ཐེབས་རྩ་འཛུགས་སྟངས་དང་། དེ་བཞིན་ཐེབས་རྩ་བེད་སྤྱོད་འཁོར་སྐྱོད་བྱེད་སྟངས་འཚོལ་ཞིབ་ཧུར་ཐག་བྱས་ནས་མཉམ་སྡེབ་རྒྱུ་ནོར་གྱི་གནས་ཐང་སྲུང་འཕར་ཐུབ་པར་བྱེད་རྒྱུ་བཅས་རེད།
      

    ཕྱོགས་བསྡུས་གསར་འགྱུར།