འཚོལ་བཤེར།   
藏文频道
2015ལོའི་ཟླ་10ཚེས་24ཉིན།
  • མི་དམངས་དྲ་བ།

    ༄༅།།ཨ་རི་ཕྱོགས་ཀྱིས་སི་རི་ཡར་དམག་དོན་གདོང་གཏུག་མ་བྱུང་སྔོན་འགོག་བྱ་ཕྱིར་ཨུ་རུ་
    སུ་དང་བསམ་ཤེས་བརྗེད་ཐོ་བཞག་ཡོད་ཅེས་ཁྱབ་བསྒྲགས་བྱས་པ།

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 10ཚེས་24ཉིན། 10:09】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། ཟླ་10ཚེས་20ཉིན་ཨ་རིའི་རྒྱལ་སྲུང་པུའུ་ཡིས་ཉིན་དེར་ཨ་རི་དང་ཨུ་རུ་སུ་ཡིས་སི་རི་ཡའི་མངའ་ཁོངས་སུ་མཐར་སོན་སྒྲིག་འཛུགས་ལ་རྡུང་རྡེག་གཏོང་སྐབས་དམག་དོན་གདོང་གཏུག་མ་བྱུང་སྔོན་འགོག་བྱ་ཕྱིར་བསམ་ཤེས་བརྗེད་ཐོ་བཞག་ཡོད་ཅེས་ཁྱབ་བསྒྲགས་བྱས་པ་རེད།
         ཉིན་དེར་འཚོགས་པའི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་ཐོག་ཨ་རིའི་རྒྱལ་སྲུང་པུའུ་ཡི་མགྲིན་ཚབ་པ་པི་ཏེ·ཁུའུ་ཁེ་ཡིས་ད་ཐེངས་ཀྱི་བསམ་ཤེས་བརྗེད་ཐོའི་ནང་དོན་གཙོ་བོ་ནི་བདེ་འཇགས་འཕུར་སྐྱོད་ཀྱི་ཞིབ་ཕྲའི་བྱ་ཐབས་ཡིན་པའི་ནང་བདེ་འཇགས་འཕུར་སྐྱོད་ཀྱི་བར་ཐག་དང་། མཁའ་དབྱིངས་སུ་བར་ཐག་ཉེ་བའི་འབྲེལ་གཏུག་བྱེད་སྐབས་དམིགས་སུ་གཏན་འཁེལ་གྱི་སྐུད་མེད་གློག་དང་འཕྲིན་གཏོང་སྒུལ་ཚད་ཀྱི་བེད་སྤྱོད་དང་། དེ་བཞིན་ཕྱོགས་གཉིས་པོའི་ས་ངོས་འཕྲིན་གཏོང་སྐུད་ལམ་ཤར་གཏོང་སོགས་ཀྱི་དོན་ཚན་ཚུད་ཡོད། བརྗེད་ཐོའི་ནང་ཕྱོགས་གཉིས་པོས་སི་རི་ཡར་དམག་དོན་མཉམ་ལས་བྱེད་སྲིད་པ་དང་། གསང་འཕྲིན་ལོངས་སྤྱོད། དམག་དོན་རྡུང་རྡེག་མིག་འབེན་སོགས་ཀྱི་འབྲེལ་ཡོད་ཆ་འཕྲིན་དང་འབྲེལ་བ་མེད་ཅེས་བཤད་པ་རེད།
         ཁུའུ་ཁེ་ཡིས་ཨ་རི་དང་ཨུ་རུ་སུ་ཕྱོགས་གཉིས་པོའི་དབར་འབྲེལ་གཏུག་གྱི་ལམ་ཐིག་གང་ཞིག་བཙུགས་ཀྱང་། ཐོན་སྲིད་པའི་གདོང་གཏུག་དོན་རྐྱེན་ལ་ཁ་གཏད་གཅོག་ཆེད་ཡིན་པ་དང་། འཕུར་སྐྱོད་ལས་འགན་འཁུར་རིམ་བཞིན་དུ་ཕྱོགས་གཉིས་པོས་སྔ་སྣུར་དུ་འབྲེལ་གཏུག་བྱེད་མི་སྲིད་ཅེས་ནན་བཤད་བྱས་པ་རེད། དུས་མཚུངས་ཁོང་གིས་གདོང་གཏུག་ཐོན་པའི་གནས་ཚུལ་འོག ཨ་རིའི་འཕུར་སྐྱོད་པར་བྱ་སྤྱོད་སྤེལ་ནས་རང་སྲུང་བྱེད་དབང་ཡོད་ཅེས་བཤད་པ་རེད།
         ཉིན་དེར་ཨུ་རུ་སུའི་རྒྱལ་སྲུང་པུའུ་ཡིས་བསམ་ཤེས་བརྗེད་ཐོ་བཞག་པ་ར་འཕྲོད་བྱས་པ་རེད། ཨ་རིའི་རྒྱལ་སྲུང་པུའུ་ཡི་མགྲིན་ཚབ་པ་ཁོ་ན་ཧྲེན་ཁོ་ཧྥུའུ་ཡིས་ཨུ་རུ་སུ་ཕྱོགས་ཀྱིས་ཡིག་ཆ་དེ་རིགས་བཞག་པར་དོན་སྙིང་གལ་ཆེན་ལྡན་པའི་ངོས་འཛིན་བྱེད་ཀྱི་ཡོད་ཅེས་བཤད་པ་རེད།
         ད་བར་ཨ་རི་དང་ཨུ་རུ་སུའི་རྒྱལ་སྲུང་པུའུ་ཡི་འཐུས་མིས་སི་རི་ཡའི་དུས་བབ་ལ་དམིགས་ཏེ་བརྙན་ལམ་ཚོགས་འདུ་ནས་གྲོས་མོལ་ཐེངས་གསུམ་པ་བྱས་པ་རེད།
         2014ལོའི་ཟླ་བ་དགུ་པ་ནས་བཟུང་ཨ་རིས་གཙོས་པའི་མཐར་སོན་སྒྲིག་འཛུགས“དབྱི་སི་ལན་རྒྱལ་ཁབ”ལ་རྡུང་རྡེག་གཏོང་བའི་རྒྱལ་སྤྱིའི་མནའ་འབྲེལ་གྱིས་སི་རི་ཡར་དམག་དོན་བྱ་སྤྱོད་སྤེལ་ནས་སི་རི་ཡའི་ས་ཁོངས་ཀྱི“དབྱི་སི་ལན་རྒྱལ་ཁབ”མིག་འབེན་ལ་མཁའ་རྒོལ་བྱས་པ་རེད། ཕྱོགས་གཞན་ཞིག་ནས་ད་ལོའི་ཟླ་9ཚེས་30ཉིན་ནས་བཟུང་སི་རི་ཡའི་སྲིད་གཞུང་གི་རེ་བ་ལྟར་ཨུ་རུ་སུའི་མཁའ་དམག་གིས་སི་རི་ཡའི་ས་ཁོངས་སུ་ཡོད་པའི“དབྱི་སི་ལན་རྒྱལ་ཁབ”མིག་འབེན་ལ་འབར་མདེལ་གཡུག་འགོ་ཚུགས། འདི་ཟླའི་ཚེས་10ཉིན་ཨ་རུ་སུའི་དམག་འཐབ་གནམ་གྲུ་གཉིས་དང་ཨ་རིའི་དམག་འཐབ་གནམ་གྲུ་གཉིས་སི་རི་ཡའི་མཁའ་དབྱིངས་སུ་ལས་འགན་སྒྲུབ་སྐབས་ཕན་ཚུན་གྱི་མིག་མཐོང་ཤན་འབྱེད་ཁྱབ་ཁོངས་སུ་ཚུད་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།