འཚོལ་བཤེར།   
藏文频道
2015ལོའི་ཟླ་9ཚེས་6ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་ལྗོངས་མི་དམངས་སྲིད་གཞུང་གིས་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་འཚོགས་
    ནས་ལོ་50རིང་བོད་ཀྱི་བུད་མེད་དང་བྱིས་པའི་ལས་དོན་འཕེལ་
    རྒྱས་བྱུང་ཚུལ་ངོ་སྤྲོད་བྱས་པ།

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 09ཚེས་06ཉིན། 10:19】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། ཟླ་9ཚེས་2ཉིན་གྱི་སྔ་དྲོར་བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གིས་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་འཚོགས་ནས་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་50རིང་གི་བུད་མེད་དང་བྱིས་པའི་ལས་དོན་འཕེལ་རྒྱས་བྱུང་ཚུལ་ངོ་སྤྲོད་བྱས་པ་རེད།
         གསར་འགོད་པར་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་ཐོག་ནས་ཤེས་རྟོགས་བྱུང་གསལ། རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་50རིང་བོད་ཀྱི་བུད་མེད་དང་བྱིས་པའི་རྩ་འཛུགས་དེ་མེད་པ་ནས་ཡོད་པ་དང་ཉམས་ཞན་ནས་སྟོབས་ལྡན་བར་འཕེལ་རྒྱས་དང་། རྩ་འཛུགས་དྲ་རྒྱ་རྒྱུན་ཆད་མེད་པར་འཐུས་ཚང་དང་སྟོབས་ཆེར་ཕྱིན་ཏེ་མིག་སྔར་ཆེད་འགན་འཁུར་མཁན་(ཞོར་འགན)བུད་མེད་ལས་དོན་པ་ཆིག་ཁྲི་ཙམ་ཡོད། ལོ་50རིང་གི་བོད་ཀྱི་བུད་མེད་ལས་དོན་འཕེལ་རྒྱས་བརྒྱུད་རིམ་ཁྲོད་བོད་ཀྱི་གླུ་མ་ཨང་དང་པོ་ཚེ་བརྟན་སྒྲོལ་མ་དང་། འདྲུད་འཐེན་འཁོར་ལོ་གཏོང་མཁན་བུད་མེད་ཨང་དང་པོ་ལེགས་པ། བྱང་འདབས་ནས་ཇོ་རིར་འཛེགས་མཁན་ཨང་དང་པོ་ཕན་ཐོགས། བུད་མེད་ཁྲིམས་རྩོད་པ་ཨང་དང་པོ་དབྱངས་ཅན་སོགས“ཨང་དང་པོ”མང་པོ་དང་། “རྒྱལ་ཡོངས་ལྔ་གཅིག་ངལ་རྩོལ་གཟེངས་རྟགས”ཐོབ་མཁན་ཁག་ཅིག་དང་། རྒྱལ་ཡོངས་གསུམ་བརྒྱད་སྔོན་ཐོན་པ། རྒྱལ་ཡོངས་ཀྱི་བུད་མེད་སྔོ་འགྱུར་མཁན་པོ་བཅུ་སོགས་ཀྱི་དཔེ་མཚོན་འཐུས་མི་མང་པོ་ཐོན་པ་འདི་དག་ལས་བོད་ཀྱི་བུད་མེད་ཀྱི་རང་བརྩི་རང་གཅེས་དང་། རང་ཡིད་རང་ཆེས། རང་མགོ་རང་ཐོན་བཅས་ཀྱི་དུས་རབས་ཀྱི་ཉམས་འགྱུར་མངོན་ཡོད་པ་རེད། བོད་ཀྱི་མི་རིགས་ཁག་གི་བུད་མེད་ཚོ་བོད་ཀྱི་ཆབ་སྲིད་དང་། དཔལ་འབྱོར། རིག་གནས། སྤྱི་ཚོགས་བཅས་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བྱེད་ཀྱི་སྟོབས་ཤུགས་ཆེན་པོ་ཞིག་ཏུ་འགྱུར་བཞིན་ཡོད་པ་རེད།
         བོད་རང་སྐྱོང་ལྗོངས་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི་འགན་འཁུར་བས་ངོ་སྤྲོད་བྱས་པར་གཞིགས་ན། ལོ་50རིང་བོད་ཀྱི་བུད་མེད་ཚོ་དཔལ་འབྱོར་འཛུགས་སྐྲུན་དང་སྤྱི་ཚོགས་དར་སྤེལ་ནང་ཞུགས་པར་གྲུབ་འབྲས་གཡུར་དུ་ཟ་བ་ཐོབ་ཡོད་དེ། བུད་མེད་ཚོ་ཇུས་ཐག་གཅོད་པའི་རིམ་པ་དང་དོ་དམ་ནང་ཞུགས་ཚད་ཆེས་ཆེར་མཐོ་རུ་ཕྱིན་པ། ས་ཁུལ་(གྲོང་ཁྱེར)རིམ་པའི་སྲིད་གཞུང་གི་འགོ་ཁྲིད་ཚན་ཁག་ཁྲོད་བུད་མེད་ལས་བྱེད་པ་བཀོད་སྒྲིག་བྱེད་ཚད་85.71%དང་། རྫོང་རིམ་པའི་སྲིད་གཞུང་གི་འགོ་ཁྲིད་ཚན་ཁག་ཁྲོད་བུད་མེད་ལས་བྱེད་པ་བཀོད་སྒྲིག་བྱེད་ཚད་74.33%ཟིན་པ་དང་། བུད་མེད་དང་བྱིས་པའི་སློབ་གསོ་ཐོབ་ཚད་ཁྱོན་ཡོངས་ནས་མཐོ་རུ་ཕྱིན་པ། སློང་ཆུང་གི་སློབ་ལོ་ལོན་པའི་བྱིས་པ་སློབ་གྲྭར་ཞུགས་ཚད་99.64%དང་། དམའ་འབྲིང་དུས་མཚམས་ཀྱི་སློབ་གྲྭར་ཞུགས་ཚད་98.91%ཟིན་པ། བུད་མེད་ཀྱི་འཕྲོད་བསྟེན་བདེ་སྲུང་གནས་ཚུལ་ཧ་ཅང་ལེགས་སུ་ཕྱིན་པ། རིམ་ཁག་འཕྲོད་བསྟེན་སྨན་བཅོས་སྒྲིག་གཞིའི་ལས་དོན་མི་སྣའི་ཁྲོད་ཀྱི་བུད་མེད་ལས་དོན་པས་70%གཡས་གཡོན་ཟིན་པ། ལྗོངས་ཡོངས་ཀྱི་སྦྲུམ་མ་འཆི་ཚད་དེ་ཞི་བའི་བཅིངས་འགྲོལ་བཏང་བའི་ཐོག་མའི་དུས་ཀྱི་5000/100000ནས་108.86/100000བར་དང་། ཕྲུ་གུ་དམར་འབྱར་འཆི་ཚད་430‰ནས་16.8‰བར་དམའ་རུ་ཕྱིན་པ། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་ཀྱིས་《བོད་རང་སྐྱོང་ལྗོངས་ཀྱི་〈ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བུད་མེད་ཁེ་དབང་འགན་ལེན་བཅའ་ཁྲིམས་〉ལག་བསྟར་བྱེད་ཐབས་》སོགས་བུད་མེད་དང་བྱིས་པར་སྲུང་སྐྱོང་བྱེད་པའི་བཅའ་ཁྲིམས་ཁྲིམས་སྲོལ་སྔ་རྗེས་སུ་བཟོས་ནས་བཏོན་པས་བུད་མེད་དང་བྱིས་པའི་ཁེ་དབང་སྔར་བས་སྲུང་སྐྱོབ་ཐུབ་པ། བུད་མེད་དང་བྱིས་པའི་སྤྱི་ཚོགས་འགན་སྲུང་སྔར་བས་འཐུས་ཚང་དུ་ཕྱིན་པ། རྒན་གསོ་འགན་བཅོལ་དང་། སྨན་བཅོས་འགན་བཅོལ། ལས་ཤོར་འགན་བཅོལ། ལས་རྨས་འགན་བཅོལ། བུ་བཙའ་འགན་བཅོལ་སོགས་འགན་བཅོལ་སྣ་ཚོགས་ནང་བུད་མེད་ཞུགས་ཚད་43.5%དང་། གྲོང་གསེབ་ཀྱི་སྤྱི་ཚོགས་རྒན་གསོ་འགན་བཅོལ་གསར་པའི་ནང་བུད་མེད་ཞུགས་ཚད་ཁྲི་71.14ཟིན་པ་བཅས་རེད།
      

    ཕྱོགས་བསྡུས་གསར་འགྱུར།