འཚོལ་བཤེར།   
藏文频道
2015ལོའི་ཟླ་5ཚེས་31ཉིན།
  • མི་དམངས་དྲ་བ།

    ༄༅།།<<མཛེས་སྡུག་ལྡན་པའི་གྲོང་གསེབ་འཛུགས་སྐྲུན་གྱི་ཕྱོགས་སྟོན་>>འོས་སྦྱོར་རང་
    བཞིན་གྱི་རྒྱལ་ཁབ་ཀྱི་ཚད་གཞི་ཡོངས་བསྒྲགས་བྱས་པ།

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 05ཚེས་31ཉིན། 10:11】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། རྒྱལ་ཁབ་ཚད་གཞི་ཨུ་ཡོན་ལྷན་ཁང་གིས་ཚེས་27ཉིན་<<མཛེས་སྡུག་ལྡན་པའི་གྲོང་གསེབ་འཛུགས་སྐྲུན་གྱི་ཕྱོགས་སྟོན་>>(GB/T 3200-2015)ཆོག་མཆན་གནང་ནས་ཡོངས་བསྒྲགས་བྱས་ཏེ་མཛེས་སྡུག་ལྡན་པའི་གྲོང་གསེབ་འཛུགས་སྐྲུན་བྱེད་པའི་ལག་རྩལ་གྱི་ནང་དོན་གཙོ་བོ་གཏན་འཁེལ་བྱས་པ་དང་རྒྱལ་ཁབ་ཀྱི་ཚད་གཞི་དེ་ཟླ་6ཚེས་1ཉིན་དངོས་སུ་ལག་བསྟར་བྱ་རྒྱུ་ཡིན་པ་རེད།
         ངོ་སྤྲོད་བྱས་པར་གཞིགས་ན། རྒྱལ་ཁབ་ཀྱི་ཚད་གཞི་གསར་པ་དེའི་ནང་གྲོང་སྡེ་འཆར་འགོད་དང་། གྲོང་སྡེ་འཛུགས་སྐྲུན། སྣོད་བཅུད་ཁོར་ཡུག དཔལ་འབྱོར་འཕེལ་རྒྱས། སྤྱི་པའི་ཞབས་ཞུ་སོགས་ཀྱི་ནང་དོན་ལ་གཏན་འབེབས་ཞིབ་ཕྲ་བྱས་པ་མ་ཟད། སྣོད་བཅུད་ཁོར་ཡུག་དང་སྤྱི་པའི་ཞབས་ཞུ་སོགས་དང་འབྲེལ་བ་ཡོད་པའི་ཐད་གཞི་རྩའི་དམིགས་ཚད་དང་། གལ་ཆེའི་དམིགས་ཚད། ཚད་འབེབས། གཅིག་གྱུར་ཚད་གཞི་བཅས་བཟོས་ཡོད། ལྷག་པར་དུ་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་ཐད་གྲོང་ཁོངས་ནང་གི་བཟོ་ལས་ཀྱི་སྦགས་བཙོག་འབྱུང་ཁུངས་ཀྱི་བཙོག་འབུད་བྱེད་ཚད་100%ཟིན་པ་དང་། ཞིང་སྤྱོད་འགྱིག་ཤོག་ཚུར་བསྡུ་ཚད་80%ཡན་ཟིན་པ། ཞིང་ལས་སྐྱེ་དངོས་ཀྱི་སོག་མ་ཕྱོགས་བསྡུས་བེད་སྤྱོད་བྱེད་ཚད་70%ཡན་ཟིན་པ། འཚོ་བའི་བཙོག་ཆུ་ཐག་གཅོད་བྱེད་རྒྱུ་དེ་ཞིང་དུད་ལ་ཁྱབ་ཚད་70%ཡན་ཟིན་པ་བཅས་ཀྱི་ཚད་གཞི་གཏན་འབེབས་བྱས་ཡོད། ཚད་གཞི་དེའི་ནང་ད་དུང་འཚོ་བའི་གད་སྙིགས་བསྡུ་སྐྱེལ་ཐག་གཅོད་མ་ལག་ངེས་པར་དུ་བཙུགས་ནས་འཚོ་བའི་གད་སྙིགས་གནོད་མེད་ཅན་ཐག་གཅོད་བྱེད་ཚད་80%ཡན་ཟིན་པ་བྱ་རྒྱུའི་གཏན་འབེབས་ཀྱང་བྱས་ཡོད་པ་རེད།
         ཚང་མས་དོ་ཁུར་ཆེན་པོ་བྱེད་པའི་གསང་སྤྱོད་སྒྱུར་བཀོད་ཐད་ཚད་གཞི་དེའི་ནང་གྲོང་གསེབ་དུད་ཚང་གི་གསང་སྤྱོད་སྒྱུར་བཅོས་ལག་བསྟར་བྱས་ནས་དུད་ཚང་དུ་སྤྱོད་པའི་གཙང་སྦྲ་ལྡན་པའི་གསང་སྤྱོད་ཁྱབ་ཚད་80%ཡན་ཟིན་པ་བྱེད་དགོས་པ་དང་ཆབས་ཅིག་གྲོང་ཚོའི་ནང་གཙང་སྦྲ་ལྡན་པའི་གསང་སྤྱོད་ལུགས་མཐུན་བཀོད་སྒྲིག་བྱས་ནས་གཙང་སྦྲ་ལྡན་པའི་གསང་སྤྱོད་ལྡན་ཚད་དུད་ཚང་600ལ་གསང་སྤྱོད་རེ་ཡོད་པའི་དམིགས་ཚད་ལས་མི་དམའ་བ་བྱེད་དགོས་པ་མ་ཟད། བཙོག་པ་གནོད་མེད་ཅན་གྱི་ཐག་གཅོད་བྱེད་པ་དང་། གཙང་སྦྲ་ལྡན་པའི་གསང་སྤྱོད་ལ་ཆེད་མངགས་དོ་དམ་བྱེད་མཁན་ཡོད་པ། དུས་བཅད་ལྟར་དུག་སེལ་བཅས་བྱས་ནས་གཙང་སྦྲ་རྒྱུན་འཁྱོངས་ཐུབ་པ་བྱེད་དགོས་པའི་བླང་བྱ་བཏོན་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།