འཚོལ་བཤེར།   
藏文频道
2015ལོའི་ཟླ་5ཚེས་31ཉིན།
  • མི་དམངས་དྲ་བ།

    ༄༅།།ཨ་ཁྲོའི་བོད་གྲི་ནི་ཁྱིམ་རྒྱུད་ཀྱིས་རྒྱུན་འཛིན་བྱེད་པ་ནས་ཁེ་ལས་ཅན་གྱི་སྒོ་དབྱེའི་
    ཐོན་སྐྱེད་དུ་གྱུར་པ།

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 05ཚེས་31ཉིན། 10:04】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། ཀྲུང་གོ་གསར་འགྱུར་དྲ་བའི་ཐོག་གནས་ཚུལ་འབྱོར་པ་གཞིར་བཟུང་། ཏིང་ཏོང་ཞེས་པའི་ཐོ་བའི་སྒྲའི་ཁྲོད་ཐུབ་བསྟན་དགའ་བས་རྩལ་ནུས་བྱང་ཆུབ་པའི་ཐོག་ནས་གྲི་ཤུབས་ཐོག་ལྟ་ན་སྡུག་པའི་རི་མོ་བརྐོས།
         ལོ་48ལ་སླེབས་པའི་ཐུབ་བསྟན་དགའ་བ་ལོ་17ནས་ཨ་ཁྲོའི་སྲོལ་རྒྱུན་བོད་གྲི་བཟོ་བའི་ལས་ནང་ཞུགས་པ་དང་ད་བར་ལོ་31སོང་ཞིང་། འོན་ཀྱང་རང་ཁྱིམ་གྱི་ཕྲུ་གུ་གཉིས་ཁོང་གི་ལག་ཤེས་རྒྱུན་འཛིན་བྱ་རྒྱུར་འདོད་པ་དེ་ཙམ་མེད་པར་བརྟེན་ཁོང་གིས་ཁྱིམ་རྒྱུད་དུ་མི་རབས་ནས་མི་རབས་བར་རྒྱུན་འཛིན་བྱེད་པའི་བོད་གྲི་བཟོ་རྩལ་དེ་ཁེ་ལས་སུ་ཁྱབ་གདལ་བཏང་ནས་དགེ་ཕྲུག་བསྡུ་འགོ་ཚུགས་པ་དང་ཁོང་གིས“རྒྱུན་ཆད་པ་ལས་རྒྱུན་འཛིན་ཐུབ་ན་དགའ”ཞེས་བཤད།
         ཐུབ་བསྟན་དགའ་བས་2014ལོའི་ཟླ་བཅུ་པ་ནས་བཟུང་རང་ཉིད་ཀྱི་བཟོ་རྩལ་ཁང་དེ་ཡུལ་ཤུལ་གྱི་དབུལ་སྐྱོར་ཐོན་ལས་གླིང་དུ་སྤོས་པ་ནས་བཟུང་སྔ་རྗེས་སུ་དགེ་ཕྲུག་20ལྷག་ཙམ་བསྡུས་པ་ཡིན། “བློ་གཅིག་སེམས་གཅིག་ངང་གྲིའི་བཟོ་རྩལ་སྦྱོང་འདོད་ཡོད་ཚེ་ངས་སློབ་འདོད་ཡོད། གང་ལགས་ཤེ་ན་བྱ་བ་གང་ཞིག་བསྒྲུབས་ཀྱང་བློ་རྩེ་གཉིས་བྱེད་མི་རུང་བ་མ་ཟད་དེའང་བློ་སྦྱོང་ཞིག་ཡིན་པས་རེད”ཅེས་བཤད།
         ཐུབ་བསྟན་དགའ་བའི་རྒྱ་ཁྱོན་སྨི་ངོས་གྲུ་1724ལྷག་ཙམ་ཡོད་པའི་ཐོན་ལས་གླིང་གི་མི་རིགས་ལག་ཤེས་བཟོ་རྩལ་ལས་སྣོན་རྣམ་གྲངས་དེ་ཡུལ་ཤུལ་དུ་ས་ཡོམ་བརྒྱབ་རྗེས་ཅ་ཏོ་པའོ་ཚོགས་པས་སྐྲུན་རོགས་བྱས་པ་ཞིག་ཡིན་པ་དང་དེར་ཐུབ་བསྟན་དགའ་བས་མི་དམངས་ཤོག་སྒོར་ཁྲི་50ལྷག་ཙམ་རང་གྲབས་བྱས་ཁར་སྲིད་གཞུང་གི་ཁ་གསབ་རོགས་དངུལ་སྒོར་ཁྲི་100ལྷག་ཙམ་བེད་སྤྱོད་བཏང་ནས་ཁོང་རང་ཉིད་ཀྱི་ཀུང་སི“ཡུལ་ཤུལ་ཨ་ཁྲོའི་ཁམས་ནོར་མི་རིགས་ལག་ཤེས་བཟོ་རྩལ་ལས་སྣོན་ལྟེ་གནས”བཙུགས་པ་རེད།
         ཐུབ་བསྟན་དགའ་བའི་ལག་ཤེས་བཟོ་རྩལ་ལས་སྣོན་ལྟེ་གནས་ནི་ཐོག་སོ་གཉིས་ལྡན་གྱི་བོད་བཟོའི་ཐོག་ཁང་ཞིག་ཡིན་པ་དང་དེའི་ནང་བོད་གྲི་བཟོ་ཁང་དང་། སློབ་ཁྲིད་ཁང་། གཞུང་དོན་ཁང་། ཐོན་རྫས་ཉོ་ཚོང་འགྲེམས་ཁང་བཅས་ཡོད་ཅིང་། འཁོར་ཁང་ནང་བརྐོས་རྒྱག་པའི་སྐད་སྒྲ་དང་ཐོ་བའི་སྐད་སྒྲ་དང་སྦྲགས་ཁམས་པའི་ཕོ་གསར་གྱི་སྤོབས་ཉམས་ལྡན་པའི་གླུ་སྒྲ་ཡང་རྣ་ལམ་དུ་ཐོས། “དེའི་ཁོར་ཡུག་ཡག་པོ་ཡོད་པས་དེ་སྔོན་ཁྱིམ་དུ་གྲི་བཟོ་བ་དང་བསྡུར་ན་རྩ་བ་ནས་བསྡུར་ཐབས་བྲལ”ཞེས་ཐུབ་བསྟན་དགའ་བས་བཤད། ཁོང་གིས“ཨ་ཁྲོའི་བོད་གྲི་དེ་མ་གཞི་ནས་སྤུས་རྟགས་ཤིག་ཡིན་པར་བརྟེན་ཕྱིར་ཚོང་བྱེད་པར་སེམས་ཁྲལ་གཏན་ནས་མེད། གྲིའི་ཐོག་བརྒྱན་པའི་ནོར་བུ་མང་ཉུང་མི་འདྲ་བས་ཨ་ཁྲོའི་བོད་གྲི་གཅིག་གི་རིན་གོང་ཡང་སྒོར་བརྒྱ་ཕྲག་ནས་སྒོར་ཁྲི་ཕྲག་བར་འདྲ་གི་མེད། བོད་གྲི་བྲིན་ཁ་རྒྱུག་པོ་ཡོད་པས་ཉེ་འཁོར་གྱི་ཞིང་ཆེན་ལྔའི་བོད་རིགས་ས་ཁུལ་དུ་བྲིན་ཁ་རྒྱུག་པ་མ་ཟད། ནེ་པ་ལ་དང་རྒྱ་གར་སོགས་རྒྱལ་ཁབ་ལའང་བྲིན་ཁ་རྒྱུག་པོ་ཡོད། དེར་སྤོས་རྗེས་ཐོན་ཚད་འགན་ལེན་ཐུབ་པ་མ་ཟད་སྤུས་ཚད་ཀྱང་སྔར་བས་ལེགས་སུ་ཕྱིན་ཡོད། གོམ་སྟབས་རྗེས་མར་ལས་རིམ་མང་པོར་རྒྱལ་ཁབ་ཀྱི་ཆེད་ཁེ་རེ་ཞུ་བྱེད་རྩིས་ཡོད”ཅེས་བཤད་པ་རེད།
         ཐུབ་བསྟན་དགའ་བས“མི་སྒེར་གྱི་སྟོབས་ཤུགས་ཧ་ཅང་ཆུང་ཆུང་ཡིན། ཁེ་ལས་ཅན་དུ་གཉེར་སྐྱོང་བྱས་རྗེས་མི་རིགས་ཀྱི་སྲོལ་རྒྱུན་ལག་ཤེས་བཟོ་རྩལ་དེ་སྔར་བས་རྒྱུན་འཛིན་ཡག་པོ་ཐུབ་པས་རང་ཉིད་ཀྱི་གདམ་ག་དེ་ཡང་དག་ཡིན་པ་ང་ལ་ཡིད་ཆེས་བརྟན་པོ་ཡོད”ཅེས་བཤད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།