འཚོལ་བཤེར།   
藏文频道
2015ལོའི་ཟླ་5ཚེས་31ཉིན།
  • མི་དམངས་དྲ་བ།

    ༄༅།།མཚོ་སྔོན་ཡུལ་ཤུལ་གྱི་ཐུན་མིན་རིག་གནས་ཀྱི་ཡིད་དབང་འཕྲོག་ཤུགས་ཆེ་བ།

    ཡུལ་སྐོར་གྱི་གཞུང་ཕྱོགས་དྲ་ཚུགས་སྤྱོད་འགོ་ཚུགས་པ།

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 05ཚེས་31ཉིན། 10:06】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། ཟི་ལིང་དགོང་དྲོའི་ཚགས་པར་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། རྒྱལ་ཡོངས་མི་དམངས་ལ་ཡུལ་ཤུལ་གསར་པའི་བསྐྱར་སྐྲུན་གྲུབ་འབྲས་མངོན་པར་བྱེད་པ་དང་། ལོ་རྒྱུས་ཡུན་རིང་ལྡན་ལ་འོད་སྟོང་འཕྲོ་བའི་ཁམས་པའི་བོད་རིགས་རིག་གནས་ཁྱབ་སྤེལ་གཏོང་བ། ཁྱད་ལྡན་གཙང་གསུམ་ཆུ་འགོའི་ཡུལ་སྐོར་ཐོན་ཁུངས་དྲིལ་བསྒྲགས་བྱེད་པ་བཅས་ཀྱི་ཐོག་ནས་མི་དེ་བས་མང་བ་ཞིག་གིས་ཡུལ་ཤུལ་ཤེས་རྟོགས་དང་ཡུལ་སྐོར་དུ་ཡོང་རྒྱུར་ཡིད་དབང་འགུག་ཆེད་ཉེ་ཆར་ཟི་ལིང་མཚོ་སྔོན་ཟློས་གར་ཁང་གིས་ལྟད་མོ་ཆེ་བའི་བོད་རིགས་ཀྱི་གླུ་གར་ཟློས་གར་འཁྲབ་ཚན་<<བརྩེ་དུང་གི་ཉམས་རྟོགས་པ་>>ཞེས་པ་འཁྲབ་སྟོན་བྱས་པ་དང་དེ་ཐོག་ནས་ཡུལ་ཤུལ་གྱི་རིག་གནས་ཡུལ་སྐོར་མཚོ་སྔོན་དྲིལ་བསྒྲགས་གཟའ་འཁོར་བྱེད་སྒོ་སྤེལ་འགོ་ཚུགས་པ་མཚོན་ཡོད་པ་རེད།
         ཟི་ལིང་དུ་ཡུལ་ཤུལ་ཡུལ་སྐོར་གྱི་སྒར་ས་ཆེ་མོ་བསྐྲུན་ནས་ཟི་ལིང་གི་སྟེགས་བུ་དེ་བརྒྱུད་ནས་ཡུལ་ཤུལ་གྱི་ཡུལ་སྐོར་ལས་རིགས་འཕེལ་རྒྱས་གཏོང་ཆེད་ལེགས་གྲུབ་ལྡན་པའི་ངང་པེ་ཅིང་དང་ཁྲེང་ཏུའུ་རུ་རིག་གནས་ཡུལ་སྐོར་དྲིལ་བསྒྲགས་གཟའ་འཁོར་བྱེད་སྒོ་སྤེལ་རྗེས་ཡུལ་ཤུལ་གྱི་ཡུལ་སྐོར་དྲིལ་བསྒྲགས་བྱེད་སྒོ་ཟི་ལིང་དུ་སྤེལ་ནས་ཡུལ་སྐོར་བྲིན་ཚོང་གི་ཚ་རླབས་ཤིག་འཕྱུར་བ་བྱས་ཡོད་པ་རེད། ད་ཐེངས་ཀྱི་ཡུལ་ཤུལ་ཀྲོའུ་ཡི་རིག་གནས་ཡུལ་སྐོར་དྲིལ་བསྒྲགས་གཟའ་འཁོར་གྱི་ནང་དོན་ཕུན་སུམ་ཚོགས་ལ་བཀྲག་མདངས་འཚེར་ས་མང་བ་དང་། ཡུལ་ཤུལ་གྱི་བོད་རིགས་གླུ་གར་ཟློས་གར་<<བརྩེ་དུང་གི་ཉམས་རྟོགས་པ་>>ཞེས་པ་འཁྲབ་སྟོན་བྱས་པ་ཕུད། ཡུལ་ཤུལ་རིག་གནས་ཡུལ་སྐོར་དྲིལ་བསྒྲགས་གཟའ་འཁོར་བྱེད་སྒོའི་ཐོག་ད་དུང་ཡུལ་ཤུལ་གྱི་ཁྱད་ལྡན་ཚོང་ཟོག་འགྲེམས་ཚོང་ཆེ་མོ་བྱས་པ་དང་ཁེ་ལས་30ཡིས་ཡུལ་ཤུལ་གྱི་ས་གནས་ཁྱད་ཆོས་ལྡན་པའི་ཡུལ་སྐོར་ཚོང་ཟོག་དང་ཁྱད་ལྡན་ཡུལ་ཟོག་3000ལྷག་ཙམ་འགྲེམས་ཚོང་བྱས་ཡོད་པ་རེད། དུས་རྒྱུན་མཐོང་དཀོན་པའི་ཁམས་པའི་རྒྱན་གོས་དང་། ནང་ཆེན་གྱི་རྫ་ཆས། ཨ་ཁྲོའི་བོད་གྲི ལག་ཤེས་བཟོ་རྩལ་འཁལ་འཐག བོད་ཡིག་ཡིག་གཟུགས་སོགས་ཡུལ་ཤུལ་གྱི་མངོན་མིན་རིག་གནས་ཤུལ་བཞག་ཀྱང་གྲོང་མི་ཚོའི་མིག་མདུན་དུ་འགྲེམས་སྟོན་བྱས་ཡོད་པ་རེད།
         གཞན་ཡང་ཡུལ་ཤུལ་གྱིས་ད་དུང་མཚོ་སྔོན་ཞིང་ཆེན་ནང་ཁུལ་གྱི་ཡུལ་སྐོར་ཁེ་ལས་དང་ཡུལ་ཤུལ་གྱི་ཡུལ་སྐོར་ཁེ་ལས་ཀྱི་ངོ་འཕྲད་གྲོས་མོལ་སྒྲིག་འཛུགས་བྱས་ནས་ཡུལ་ཤུལ་གྱི་ཐོན་ཁུངས་དང་། ཐོན་རྫས། ཡུལ་སྐོར་ལམ་ཐིག་བཅས་གཙོ་གནད་ཐོག་འོས་སྦྱོར་བྱས་པ་དང་ཡུལ་ཤུལ་ཡུལ་སྐོར་གྱིས་ཀྲོའུ་ཕྱི་ནང་གི་ཡུལ་སྐོར་ཁེ་ལས་ལ་དམིགས་པའི་བྱ་དགའ་སྤྲོད་ཐབས་ངོ་སྤྲོད་དང་མཉམ་ལས་གྲོས་མཐུན་ལ་མིང་རྟགས་བཀོད་པ་རེད།
          ཤེས་རྟོགས་བྱས་པར་གཞིགས་ན། མིག་སྔའི་བར་ཡུལ་ཤུལ་ཀྲོའུ་ཡུལ་སྐོར་སྡེ་ཚན་གྱི་མི་སྣ་སྔ་རྗེས་སུ་པེ་ཅིང་དང་ཁྲེང་ཏུའུ་རུ་བསྐྱོད་དེ་དྲིལ་བསྒྲགས་གཟའ་འཁོར་བྱེད་སྒོ་སྤེལ་བ་མ་ཟད། གོམ་སྟབས་རྗེས་མར་ད་དུང་ཀོང་ཀྲོའུ་དང་། ཧའེ་ཁོའུ། ཐའེ་དབན། ཤང་ཀང་བཅས་སུ་བསྐྱོད་དེ་གཙོ་བོ་ཡུལ་སྐོར་བ་ཡོང་སའི་གྲོང་ཁྱེར་དང་། དཀར་མཛེས། སེམས་ཀྱི་ཉི་ཟླ་སོགས་ཡུལ་སྐོར་གྱི་ཁེ་ཕན་དང་འབྲེལ་བ་དམ་ཟབ་ཡོད་པའི་གྲོང་ཁྱེར་དུ་དྲིལ་བསྒྲགས་བྲིན་ཚོང་བྱེད་སྒོ་རབ་དང་རིམ་པ་སྤེལ་རྒྱུ་དང་། དྲིལ་བསྒྲགས་བྲིན་ཚོང་གི་བྱེད་སྒོ་རབ་དང་རིམ་པ་སྤེལ་བ་བརྒྱུད་ཡུལ་ཤུལ་གྱི་ཡིད་དབང་འཕྲོག་ཤུགས་འཛམ་གླིང་ཡོངས་ལ་དྲིལ་བསྒྲགས་བྱ་རྒྱུ་ཡིན་པ་རེད།
         གཞན་ཡང་མཚོ་ནུབ་གྲོང་ཁྱེར་ཚགས་པར་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། ཉེ་ཆར་ཡུལ་ཤུལ་ཡུལ་སྐོར་གྱི་གཞུང་ཕྱོགས་དྲ་ཚུགས་དང་སྐད་འཕྲིན་དྲ་ཚུགས་སྤྱོད་འགོ་ཚུགས་པའི་མཛད་སྒོ་ཡུལ་ཤུལ་བོད་རིགས་རང་སྐྱོང་ཀྲོའུ་ཉི་འོད་མཚེའུ་སྤྲོ་གསེང་གསོལ་མགྲོན་ཁང་དུ་གཉེར་བ་རེད།
         ཡུལ་ཤུལ་ཡུལ་སྐོར་དྲ་ཚུགས་དང་སྐད་འཕྲིན་དྲ་ཚུགས་སྤྱོད་འགོ་ཚུགས་པ་དེ་ཐོག་ནས་ཡུལ་ཤུལ་ཡུལ་སྐོར་ཅུས་ཀྱིས་ཡུལ་སྐོར་ཆ་འཕྲིན་ཅན་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་ནས་དགའ་འོས་པའི་གྲུབ་འབྲས་ཐོབ་པ་མཚོན་ཡོད་ལ་ཡུལ་ཤུལ་གྱི་ཡུལ་སྐོར་འཕེལ་རྒྱས་ཆུ་ཚད་སྐས་རིམ་གསར་པ་ཞིག་ཏུ་སླེབས་པ་མཚོན་ཡོད་པ་དང་ཡུལ་ཤུལ་གྱི་ཡུལ་སྐོར་རིག་གནས་ཀྱི་གཟུགས་བརྙན་འཕེལ་རྒྱས་དུས་མཚམས་གསར་པར་སླེབས་པ་དེ་བས་མཚོན་ཡོད་པ་རེད།
         དེ་དང་ཆབས་ཅིག་དྲ་ཚུགས་སྤྱོད་འགོ་ཚུགས་ཏེ་(ཡུལ་ཤུལ་གྱི་ཡུལ་སྐོར་དྲ་ཚུགས་ཀྱི་ས་ཁོངས་མིང་WWW.0976LY.COM)དེས་ཡུལ་སྐོར་དྲིལ་བསྒྲགས་ཀྱི་འཐབ་ས་གསར་པ་བསྐྲུན་རྒྱུ་དང་། ཡུལ་ཤུལ་གྱིས་དྲ་རྒྱའི་སྟེགས་བུ་དེ་གང་ལེགས་སྤྱད་དེ་སྤྱི་ཚོགས་ལ་ཡུལ་སྐོར་གནས་ཚུལ་གསར་ཤོས་དང་། མགྱོགས་ཤོས། གནད་ལ་འཁེལ་ཤོས་བཅས་བརྒྱུད་སྤེལ་གྱིས་མི་དེ་བས་མང་བ་ཞིག་གིས་ཡུལ་ལྗོངས་ལྟ་ན་སྡུག་པ་དང་ཡུལ་སྐོར་དང་རྩེར་འཇོར་འཚམ་པའི་མཛེས་སྡུག་ལྡན་པའི་ཡུལ་ཤུལ་ཤེས་རྟོགས་ཐུབ་པ་བྱ་རྒྱུ་རེད།
      

    ཕྱོགས་བསྡུས་གསར་འགྱུར།