འཚོལ་བཤེར།   
藏文频道
2015ལོའི་ཟླ་5ཚེས་31ཉིན།
  • མི་དམངས་དྲ་བ།

    ༄༅།།ཡུན་བོད་གཞུང་ལམ་གསར་པ་དངོས་སུ་སྐྲུན་འགོ་ཚུགས་པ།

    མ་དངུལ་སྒོར་དུང་ཕྱུར་23.4ལྷག་ཙམ་བཏང་བ།

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 05ཚེས་30ཉིན། 09:25】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། གསར་འགོད་པས་བོད་ལྗོངས་ཉིང་ཁྲི་ས་ཁུལ་འཕེལ་སྒྱུར་ཨུ་ལྷན་ནས་ཤེས་རྟོགས་བྱས་པར། མ་དངུལ་སྒོར་དུང་ཕྱུར་23.4ལྷག་ཙམ་བཏང་བའི་ཡུན་ནན་ནས་བོད་བར་གྱི་འགྲིམ་འགྲུལ་གཞུང་ལམ་གལ་ཆེན་གཞན་ཞིག་སྟེ། ཡུན་བོད་གཞུང་ལམ་གསར་པ་ཉིན་ཤས་གོང་དངོས་སུ་སྐྲུན་འགོ་ཚུགས་པ་རེད།
         ཡུན་བོད་གཞུང་ལམ་གསར་པ་དེ་ཡུན་ནན་ཞིང་ཆེན་ཀུང་ཧྲན་རྫོང་པིང་ཀྲུང་ལུའོ་ཤང་ནས་འགོ་བཙུགས་ཏེ་ཡུན་བོད་ས་མཚམས་བརྒྱུད་བོད་ལྗོངས་ཉིང་ཁྲི་ས་ཁུལ་རྫ་ཡུལ་རྫོང་ཚ་བ་རོང་ཤང་དུ་འབྱོར་གྱི་ཡོད། མཇུག་སྣེ་རྫ་ཡུལ་རྫོང་འགྲོ་བ་དགོན་གྲོང་རྡལ་དུ་ཡིན་པ་དང་། དེ་རྗེས་ཁྲོན་བོད་གཞུང་ལམ་དང་སྦྲེལ་གྱི་ཡོད། ལམ་ཐིག་གཙོ་བོའི་སྤྱིའི་རིང་ཚད་ལ་སྤྱི་ལེ་280ཡོད་པ་དེའི་ཁྲོད་ནས་བོད་ཀྱི་ས་ཁོངས་ནང་སྤྱི་ལེ་253ཡོད་པ་རེད།
         ཤེས་རྟོགས་བྱུང་བར་གཞིགས་ན། མ་ལམ་གཙོ་བོ་ཕུད་ཡུན་བོད་གཞུང་ལམ་གསར་པ་འཛུགས་སྐྲུན་བྱེད་རིང་བོད་ཀྱི་ས་ཁོངས་ནང་སྤྱི་ལེ་42ཟིན་པའི་ཡན་ལག་གཞུང་ལམ་འཛུགས་སྐྲུན་བྱེད་རྩིས་ཡོད་ཅིང་། རྣམ་གྲངས་དེའི་མ་ལམ་གཙོ་བོ་དང་ཡན་ལག་གཞུང་ལམ་ཚང་མ་རིམ་བཞིའི་གཞུང་ལམ་འཛུགས་སྐྲུན་གྱི་ཚད་གཞི་སྤྱོད་རྒྱུ་དང་། མྱུར་ཚད་ཆུ་ཚོད་རེར་སྤྱི་ལེ་20ཡིན་པའི་ཇུས་འགོད་བྱས་ཡོད།
         ཤེས་རྟོགས་བྱུང་བར་གཞིགས་ན། 2013ལོའི་ཟླ་བཅུ་གཉིས་པར་རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན་གྱིས་ཡུན་བོད་གཞུང་ལམ་གསར་པའི་ལས་གྲྭའི་རྣམ་གྲངས་ཀྱི་ཞིབ་འཇུག་བྱེད་རིན་ཡོད་པའི་སྙན་ཞུར་མཆན་བཀོད་བཀའ་ལན་གནང་བ་དང་། 2014ལོར་འགྲིམ་འགྲུལ་པུས་ལས་གྲྭ་དེའི་འཆར་གཞིའི་ཇུས་གཞིར་མཆན་བཀོད་བཀའ་ལན་གནང་བ་རེད།
         སྲོལ་རྒྱུན་གྱི་ཡུན་བོད་གཞུང་ལམ་གཙོ་བོ་ཡུན་ནན་ཁུན་མིང་ནས་འགོ་བཙུགས་ཏེ་ཡུན་ནན་ས་དམ་དང་། ཡུན་བོད་ས་མཚམས་ཀྱི་ཡུན་ནན་ཞིང་ཆེན་བདེ་ཆེན་རྫོང་། བོད་ལྗོངས་ཆབ་མདོ་གྲོང་ཁྱེར་སྨར་ཁམས་རྫོང་དང་མཛོ་སྒང་རྫོང་སོགས་བརྒྱུད་མཐར་ལྷ་སའི་ལམ་ཐིག་ཐོག་འབྱོར་གྱི་ཡོད་ཅིང་། ལམ་ཐིག་ཧྲིལ་པོར་སྤྱི་ལེ་1300ལྷག་ཙམ་ཡོད་པ་རེད།
         བོད་ལྗོངས་ཉིང་ཁྲི་ས་ཁུལ་འཕེལ་སྒྱུར་ཨུ་ལྷན་གྱི་ཀྲུའུ་རེན་ཐང་གཡུང་ཅུན་གྱིས་ཡུན་བོད་གཞུང་ལམ་གསར་པ་སྐྲུན་ཟིན་རྗེས་བོད་དང་ཡུན་ནན་དབར་གྱི་འགྲིམ་འགྲུལ་བར་ཐག་ཐུང་དུ་འགྲོ་བ་དང་ཞིང་ཆེན་དང་རང་སྐྱོང་ལྗོངས་གཉིས་ཀྱི་འགྲིམ་འགྲུལ་འབྲེལ་བ་དེ་བས་སྟབས་བདེ་རུ་ཕྱིན་ནས་ཞིང་ཆེན་དང་རང་སྐྱོང་ལྗོངས་གཉིས་ཀྱི་དཔལ་འབྱོར་ཚོང་དོན་དང་ཡུལ་སྐོར་སོགས་ཀྱི་མཉམ་ལས་སྔར་བས་ཟབ་ཏུ་འགྲོ་རྒྱུར་ཕན་པ་ཐོབ་རྒྱུ་རེད་ཅེས་ངོ་སྤྲོད་བྱས་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།