འཚོལ་བཤེར།   
藏文频道
2018ལོའི་ཟླ་8ཚེས་9ཉིན།
  • མི་དམངས་དྲ་བ།

    ༄༅།།ཟི་ལིང་འདི་ཉིད་ལྗང་མདོག་འཕེལ་རྒྱས་ཀྱི་ལམ་བུ་གསར་པར་སྐྱོད་པ།

    མི་དམངས་ཉིན་རེའི་ཚགས་པར་གྱི་གསར་འགོད་པ། ཝང་ཅིན་ཐའོ་ཡིས།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 08ཚེས་09ཉིན། 10:58】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
           མི་དམངས་དྲ་བའི་འཕྲིན། མཚོ་སྔོན་གྱི་ཟི་ལིང་དུ་ལྷོ་བྱང་རི་བོ་ཁ་སྤྲོད་དུ་གནས་པ་དང་། བར་དུ་ཤར་ནས་ནུབ་ཏུ་བསྲིང་པའི་གྲོང་ཁུལ་ཆགས་ཡོད། མཚོ་བོད་ས་མཐོ་དང་ས་སེར་མཐོ་སྒང་གི་འབྲེལ་མཚམས་སུ་ཆགས་པར་བརྟེན་ཟི་ལིང་གི་ལོ་རེའི་ཆ་སྙོམས་དྲོད་ཚད་ཧྲེ་ཧྲི་ཏུའུ་5.8ལས་ཟིན་གྱི་མེད་པ་དང་། ལོ་རེའི་ཆ་སྙོམས་རླངས་འགྱུར་བྱེད་ཚད་དེ་ཆར་པ་འབབ་ཚད་ཀྱི་ལྡབ་5ཙམ་ཡིན། སྔར་སོང་ལ་ཕྱིར་མིག་ལྟ་སྐབས་ཁ་རྒྱུག་སྙན་ཚིག“ཟི་ལིང་རི་ཐོད་རྩྭ་མི་སྐྱེ། རྡོ་ཆུང་རླུང་བུས་འུར་གྱིས་འཁྱེར། དམན་ཤར་ངོ་ལ་ཆུ་མ་རག”ཅེས་པ་ལས་ཡུལ་དེ་གའི་མི་རྣམས་ཀྱི་བརྗོད་པར་དཀའ་བའི་དྲན་ཤེས་མཚོན་ཡོད།
            ཞིང་ཆེན་དེ་ཡོངས་ཀྱི་རྒྱལ་ཁབ་ས་ཆའི་རྒྱ་ཁྱོན་གྱི་1%ལས་ཟིན་གྱི་མེད་པའི་ཟི་ལིང་དུ་མཚོ་སྔོན་གྱི་མི་འབོར་ཕྱེད་ཀ་ཙམ་གནས་སྡོད་བྱེད་ཅིང་། མཐོ་ཞིང་གྲང་ལ་ཐན་པ་ཆེ་བ་དང་། སྔོ་ཁེབས་ཉུང་ལ་འཚར་དཀའ་བ། གནོད་འཚེ་རྟག་ཏུ་ཐོན་པ་བཅས་ལས་ཟི་ལིང་འཕེལ་རྒྱས་གཏོང་བར་འགོག་རྐྱེན་ཆེན་པོ་འཕྲད་ཡོད།
           “དང་ཐོག་སྔོ་འགྱུར་ཡག་པོ་བྱས་ཏེ་སྣོད་བཅུད་ལེགས་སུ་གཏོང་དགོས། ‘ཟི་ལིང་སྔོ’དང‘ས་མཐོ་ལྗང’‘ཆུ་བོ་དྭངས’དང་དེ་བཞིན་ལྗང་མདོག་ཐོན་ལས་དང་། བཅོས་སྐྱོང་ནུས་པ། ལྗང་མདོག་གི་སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་བཅས་འཛུགས་སྐྲུན་བྱ་སྤྱོད་ཆེན་པོ་དྲུག་ལག་ལེན་བསྟར་ཏེ་ས་མཐོའི་ལྗང་མདོག་འཕེལ་རྒྱས་ཀྱི་གྲོང་ཁྱེར་ནུས་ཤུགས་ཡོད་རྒུས་བསྐྲུན་དགོས། སྣོད་བཅུད་ཉམས་ཞན་དང་དར་རྒྱས་འགྲོ་འགོར་བའི་ས་ཁུལ་སྤྱི་ཡོངས་སུ་ལྗང་མདོག་འཕེལ་རྒྱས་ཀྱི་ལམ་བུ་གསར་པ་ཞིག་ཧུར་ཐག་གཏོད་དགོས”ཞེས་མཚོ་སྔོན་ཞིང་ཨུད་ཀྱི་རྒྱུན་ཨུ་ཟི་ལིང་གྲོང་ཨུད་ཀྱི་ཧྲུའུ་ཅི་ཝང་ཞའོ་ཡིས་བཤད།
           ཟི་ལིང་བྱང་གི་ཏ་ཏུན་ལིང་རི་བོར་གཟར་ཚད་ཏུའུ་60ཙམ་ཟིན་པའི་གཡང་གཟར་གང་སར་མཐོང་རྒྱུ་ཡོད། དེ་དག་ལས་མཐོང་མང་བ་ཞིག་ནི་མདོག་དམར་པོའི་བཅུད་ལྡན་ཞིང་ས་ཁམ་ནག་རེད། “ས་རྒྱུ་འདི་རིགས་ཀྱིས་བྱང་རིའི་ས་གཤིས་ཀྱི་90%བཟུང་ཡོད་ཅིང་། ཆུ་དང་འཕྲད་ན་འཕྲལ་མར་ཉིལ་བ་དང་སྐམ་པོ་ཆགས་ཚེ་ལམ་སེང་རྡོག་རྡོག་ཆགས་ཀྱི་ཡོད་པས་སྡོང་ཕྲུག་ག་ཚོད་བཏབ་ཀྱང་ཚང་མ་ཤི་གི་ཡོད”ཅེས་ཟི་ལིང་གྲོང་ཨུད་ལྗང་མདོག་འཕེལ་རྒྱས་ཨུ་ལྷན་གྱི་ཀྲུའུ་རེན་ལིའུ་པོ་ཡིས་བཤད། ཁོང་གིས་དེ་ལས་ཚབས་ལྗི་བ་ཞིག་ནི་བཅུད་ལྡན་ཞིང་ས་ཁམ་ནག་ལ་ད་དུང་དཀར་གོང་མང་པོ་འདྲེས་ཡོད་པ་དང་། རི་ལྡེབས་གཟར་ལ་ས་རྒྱུ་ཞན་པ་མ་ཟད་བྲག་རྡོའང་ཧ་ཅང་མང་པོ་ཡོད། འདི་གར་སྡོང་རྐང་གཅིག་གསོན་པར་ཕྲུ་གུ་གཅིག་སྐྱོང་བ་ལས་ཀྱང་ཁག་ཅེས་བཤད།
           སྡུག་རུས་མང་པོ་བྱས་པའི་ཟི་ལིང་བ་ཚོས་སྔོ་ལྗང་རབ་ཏུ་བཀྲ་བར་བྱེད་པའི་ཆོད་སེམས་བཅངས་ཏེ་ཁོར་ཡུག་ཞན་པོ་དང་འཐབ་རྩོད་བྱས་ཤིང་། ཟི་ལིང་ས་ཁུལ་གྱི་སྡེ་ཚན་ཁག་དང་ལས་རིགས་ཁག་གིས་སྔོ་འགྱུར་འགན་འཁྲིའི་ཁུལ་དབྱེ་ཡོད། “ཁུལ་དབྱེ་སྟེ་འགན་གཙང་ལེན་པའི་ལམ་ལུགས་བཙུགས་ནས་བཀོད་འདོམས་པུའུ་དང་འགན་གཙང་འགན་འཁྲིའི་ཡི་གེ་བཞག་པ་དང་། ནགས་དབང་ལག་ཁྱེར་སྤྲད་དེ་ས་ཞིང་སྤྱོད་དབང་དང་ནགས་ཤིང་བདག་དབང་ཁ་གསལ་བཟོས་པ། ‘སུས་བཏབ་པ་དེའི་ཡིན་པའི’སྲིད་ཇུས་དོན་ཐོག་ཏུ་འཁྱོལ་བ་བཅས་བྱས་ཡོད”ཅེས་མཚོ་སྔོན་ཞིང་ཆེན་ཟི་ལིང་གྲོང་ཁྱེར་ལྷོ་བྱང་རི་བོའི་སྔོ་འགྱུར་བཀོད་འདོམས་པུའི་གཞུང་ལས་ཁང་གི་རྒྱུན་ལས་ཀྲུའུ་རེན་གཞོན་པ་ཀྲང་ཁུའེ་ཡིས་བཤད་ཅིང་། ཁོང་གིས་གྲུབ་འབྲས་ལས་སྲིད་ཇུས་ཀྱི་ཕན་འབྲས་མངོན་པ་སྟེ། འགན་གཙང་ལེན་ཁུལ་117གྱིས་སྔོ་འགྱུར་མ་འཇོག་བསྡོམས་འབོར་གྱི་བཅུ་ཆ་དྲུག་ཟིན་པ་དང་། ལྷོ་བྱང་རི་བོའི་ནགས་ཚལ་ཁྱབ་ཚད་79%ཟིན་ཡོད། ཁོར་ཡུག་སྲུང་སྐྱོང་པུའུ་ཡི་2017ལོའི་རྒྱལ་ཡོངས་ཀྱི་གཙོ་གནད་གྲོང་ཁྱེར་གྱི་མཁའ་རླུང་སྤུས་ཚད་ཕྱོགས་བསྡུས་སྟོན་གྲངས་དང་བང་རིམ་ནང་ཟི་ལིང་གྲོང་ཁྱེར་གྱིས་ནུབ་བྱང་གི་ཞིང་ཆེན་དང་རང་སྐྱོང་ལྗོངས་ལྔ་ཡི་ལྟེ་བའི་གྲོང་ཁྱེར་ཁྲོད“ཨང་དང་པོ་གཉིས”བླངས་ཡོད་ཅེས་བཤད།
            ལྗང་མདོག་འཕེལ་རྒྱས་གཏོང་བར་ད་དུང་ཐོན་ལས་རིམ་སྤོར་བྱེད་དགོས། སྒྱུར་བཅོས་སྒོ་དབྱེ་བྱས་མ་ཐག་པའི་སྐབས་སུ་ཟི་ལིང་གྲོང་ཁྱེར་གྱི་བཟོ་ལས་ཐོན་ལས་ལ་རྫས་འགྱུར་བཟོ་ལས་དང་། འཕྲུལ་ཆས། འཁེལ་འཐག ལྕགས་རིགས་བཞུ་བ། འཛུགས་སྐྲུན་རྒྱུ་ཆ་སོགས་ལས་རིགས་5མ་གཏོགས་མེད་པ་དང་། ཐོན་ལས་བྱེད་སྟངས་རགས་ལས་དང་། བཟོ་རྩལ་སྟབས་བདེ་ལ་རྗེས་ལུས། སྦགས་བཙོག་འབུད་ཚད་ཅུང་མང་བ་བཅས་ཡིན་པས་ས་ཁུལ་གྱི་ལོ་འཁོར་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར་7.51ལས་ཟིན་གྱི་མེད།
           “ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། ཟི་ལིང་གིས་དཔལ་འབྱོར་འཕེལ་རྒྱས་ཀྱི་རྒྱུན་རྣམ་གསར་པ་དང་རང་རྟོགས་ངང་འཚམ་པར་བྱས་ཏེ་གསར་གཏོད་ལ་བརྟེན་ནས་ཐོན་ལས་ཕྱོགས་སྒྱུར་རིམ་སྤོར་ལ་སྐུལ་འདེད་གཏོང་རྒྱུ་མཐའ་འཁྱོངས་བྱས་པས་འཁོར་རྒྱུག་རྣམ་པའི་བཟོ་ལས་དང་། ཞིང་ལས། ཞབས་ཞུ་བཅས་ཀྱི་ལས་རིགས་མ་ལག་ཅིག་ཆགས་པ་མ་ཟད་སྦགས་བཙོག་མང་བའི་ཁེ་ལས་འབོར་ཆེན་ཞིག་སྒོ་བརྒྱབ་པ་དང་ལས་བསྒྱུར་བྱས་པ་རེད”ན་ནིང་ནས་བཟུང་ཟི་ལིང་གྲོང་ཁྱེར་གྱིས་ས་མཐོའི་སྣོད་བཅུད་རི་ཆུའི་སྐྱེད་ཚལ་གྲོང་ཁྱེར་གྱི་བཀོད་པ་མགྱོགས་མྱུར་འཐུས་སྒོ་ཚང་དུ་བཏང་སྟེ་གྲོང་ཁུལ་དུ་ཚོང་ཁང་དང་སྡོད་ཁང་རང་འགྲིག་གི་ཐོག་བརྩེགས་ཁང་པ་འབོར་ཆེན་ཞིག་བསྐྲུན་པ་མ་ཟད་སྔོ་འགྱུར་སྒྱུར་བཀོད་བྱས་པ་དང་། ཀན་ཧོ་བཟོ་ལས་གླིང་གི་བཟོ་ལས་ས་ཆ་མུའུ་6540ཚང་མ“སྐྱེད་ཚལ་གླིང”བསྐྲུན་རྒྱུར་སྤྱད་པ་དེ་ནི་ལོ་རེར་བཟོ་ལས་ཀྱི་ཐོན་སྐྱེད་རིན་ཐང་སྒོར་དུང་ཕྱུར་170ལྷག་ཙམ་བློས་གཏོང་བྱས་པ་དང་མཚུངས་ཀྱི་ཡོད། དེ་ལྟར་བྱེད་དགོས་དོན་ནི་ནུབ་བྱང་གི་རྒྱལ་སྤྱིའི་སྐྱེད་ཚལ་གླིང་ཐོག་མ་དེ་བསྐྲུན་ནས་གྲོང་མི་ཚོར་ལྗང་མདོག་གི་ཁོར་ཡུག་གསར་པ་བསྐྲུན་པ་དང་གྲོང་ཁྱེར་ལ་སྣོད་བཅུད་ཀྱི་མིང་བྱང་གསར་པ་གཏོད་ཆེད་རེད་ཅེས་ཟི་ལིང་གྲོང་ཨུད་ཀྱི་འབྲེལ་ཡོད་འགན་འཁུར་བློ་མཐུན་གྱིས་ངོ་སྤྲོད་བྱས།
           གཞན་ཡང་། ཟི་ལིང་གིས་རྒྱལ་ཡོངས་ཀྱི་འོད་ཤུགས་བཟོ་སྐྲུན་ལྟེ་གནས་གལ་ཆེན་གྱི་དམིགས་ཚད་ལ་གཞིགས་ཏེ་འོད་ཤུགས་ཐོན་ལས་ཀྱི་གཙོ་གནད་རྣམ་གྲངས་15ལག་ལེན་བསྟར་བར་ཐོན་སྐྱེད་རིན་ཐང་སྒོར་དུང་ཕྱུར་90ཟིན་པ་དང་། ལི་རྫས་གློག་ནུས་སོགས་ནུས་རྒྱུ་གསར་པའི་ཐོན་ལས་ཀྱི་ཐོན་སྐྱེད་རིན་ཐང་སྒོར་དུང་ཕྱུར་50ལྷག་ཟིན་པ། མཚོ་བོད་ས་མཐོའི་ཁྱད་ལྡན་སྐྱེ་དངོས་ཐོན་ཁུངས་ཀྱི་ལས་སྣོན་ཞིབ་ཚགས་དང་ཀྲུང་ལུགས་དང་བོད་ལུགས་སྨན་རྫས་ཀྱི་ཐོན་ལས་རྟེན་གཞི་འཛུགས་སྐྲུན་ལ་སྐུལ་འདེད་བཏང་བ་རེད།
      

    ཕྱོགས་བསྡུས་གསར་འགྱུར།