འཚོལ་བཤེར།   
藏文频道
2018ལོའི་ཟླ་8ཚེས་9ཉིན།
  • མི་དམངས་དྲ་བ།

    ༄༅།།རང་རྒྱལ་གྱི་ཞབས་ཞུ་ཚོང་དོན་གྱི་ལྡོག་ཁྱད་ལོ་8རིང་ལོ་ཕྱེད་དུ་རྒྱ་ཆུང་དུ་འགྲོ་ཚུལ་ཐོག་མར་ཐོན་པ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 08ཚེས་09ཉིན། 10:56】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
           མི་དམངས་དྲ་བའི་འཕྲིན། ཚོང་དོན་པུས་ཚེས་7ཉིན་གྲངས་གཞི་ཁྱབ་བསྒྲགས་བྱས་པ་ལྟར་ན། 2018ལོའི་ལོ་སྟོད་དུ་རང་རྒྱལ་གྱི་ཞབས་ཞུའི་ཕྱིར་གཏོང་ནང་འདྲེན་གྱི་སྤྱི་འབོར་སྒོར་དུང་ཕྱུར་25313.3ཟིན་པ་དེ་དུས་མཚུངས་ལས་8.5%འཕར་ནས་ཕྱིར་གཏོང་ནང་འདྲེན་གྱི་གཞི་ཁྱོན་ལོ་རྒྱུས་ཀྱི་ཟིན་ཐོ་གསར་པར་སླེབས་ཡོད། དེ་དང་ཆབས་ཅིག་ཞབས་ཞུ་ཚོང་དོན་གྱི་ལྡོག་ཁྱད་སྒོར་དུང་ཕྱུར་8481.8ཡིན་ལ་ལྡོག་ཁྱད་ཀྱི་གཞི་ཁྱོན་དེ་ལོ་གོང་མའི་དུས་མཚུངས་དང་བསྡུར་ན་སྒོར་དུང་ཕྱུར་26.6རྒྱ་ཆུང་དུ་སོང་བ་ནི་2010ལོ་ཚུན་གྱི་ལོ་ཕྱེད་རིང་གི་ལྡོག་ཁྱད་ཀྱི་རྒྱ་ཆུང་དུ་འགྲོ་ཐེངས་ཐོག་མ་ཡིན་པ་རེད།
           ཚོང་དོན་པུའི་གྲངས་གཞི་ལས་མངོན་པ་ལྟར་ན། ལོ་སྟོད་དུ་ཞབས་ཞུ་ཚོང་དོན་གྱི་ཕྱིར་གཏོང་སྒོར་དུང་ཕྱུར་8415.7ཟིན་པ་དེ་དུས་མཚུངས་ལས་13.6%འཕར་བ་དང་། ཞབས་ཞུ་ནང་འདྲེན་སྒོར་དུང་ཕྱུར་16897.6ཟིན་པ་དེ་དུས་མཚུངས་ལས་6.1%འཕར་ཡོད།
           ལོ་སྟོད་ཀྱི་ཞབས་ཞུ་ཚོང་དོན་གྱི་གྲངས་གཞིའི་ཁྱད་ཆོས་ཆེན་པོ་གཅིག་ནི་ཞབས་ཞུ་ཚོང་དོན་གྱི་ལྡོག་ཁྱད་ཀྱི་རྒྱ་ཆུང་དུ་འགྲོ་ཚུལ་མངོན་པ་དང་། ཞབས་ཞུ་ཕྱིར་གཏོང་གི་འཕར་ཚད་ནི་ནང་འདྲེན་གྱི་འཕར་ཚད་ཀྱི་བརྒྱ་ཆའི་གྲངས་7.5ལས་མཐོ་བ་ཡོད། ཚོང་དོན་པུའི་ཞབས་ཞུ་ཚོང་དོན་སིའི་སི་ཀྲང་གཞོན་པ་ལི་ཡོན་གྱིས། ཞབས་ཞུ་ཚོང་དོན་གྱི་ལྡོག་ཁྱད་ཀྱི་རྒྱ་ཆུང་དུ་འགྲོ་བར་རྒྱུ་རྐྱེན་གཙོ་བོ་གསུམ་ལྡན་པ་སྟེ། གཅིག་ནི་ལོ་སྟོད་དུ་རང་རྒྱལ་གྱི་དཔལ་འབྱོར་གྱི་སྤྱིའི་འཁོར་སྐྱོད་ལེགས་པ་དང་ལྷག་དོན་དུ་ཞབས་ཞུ་ལས་རིགས་གོང་འཕེལ་མྱུར་པོ་ཕྱིན་ནས་ཞབས་ཞུ་ཚོང་དོན་འཕར་རྒྱུར་རྨང་གཞི་བཏིང་བ་དང་། གཉིས་ནི་ཞབས་ཞུ་ཚོང་དོན་གསར་གཏོད་ཀྱི་ཚོད་ལྟར་ཕན་འབྲས་རགས་ཙམ་ཐོན་ཞིང་། དོ་དམ་སྒྲིག་སྲོལ་དང་། སྐུལ་འདེད་སྒྲིག་སྲོལ། སྲིད་ཇུས་མ་ལག ལྟ་སྡོམ་བྱེད་སྟངས་བཅས་ཀྱི་ཐད་སྔོན་ལ་ལག་བསྟར་དང་སྔོན་ལ་ཚོད་ལྟ་བྱས་པས་སྔོན་ཐོན་ཉམས་མྱོང་རབ་དང་རིམ་པ་གྲུབ་པ། གསུམ་ནི་ས་ཁུལ་ཁག་གིས་ཞབས་ཞུ་ཚོང་དོན་སྔོན་དུ་གོང་འཕེལ་གཏོང་བའི་འདུ་ཤེས་གསར་པ་ཧུར་ཐག་ཆགས་པ་བྱས་པ་དང་ཞབས་ཞུ་ཕྱིར་གཏོང་དང་ལྷག་དོན་དུ་གསར་དར་ཞབས་ཞུ་ཕྱིར་གཏོང་གོང་འཕེལ་ཤུགས་ཆེན་བཏང་བ་བཅས་ཡིན་ཞེས་བརྗོད།
          ད་དུང་གྲངས་གཞི་ལས་མངོན་པ་ལྟར་ན། ལོ་སྟོད་ཀྱི་ཞབས་ཞུ་ཚོང་དོན་གྱི་འཕར་ཚད་ནི་རིགས་མཚུངས་ཀྱི་དམིགས་ཚད་ལས་ལེགས་པ་དང་། ཞབས་ཞུ་ཚོང་དོན་གྱིས་ཕྱི་ཕྱོགས་ཚོང་དོན་སྤྱི་འབོར་གྱི་བསྡུར་ཚད་ཀྱི་15.2%བཟུང་བ་དེ་ལོ་གོང་མའི་དུས་མཚུངས་ལས་བརྒྱ་ཆའི་གྲངས་0.1མཐོ་རུ་ཕྱིན་ཡོད། ཞབས་ཞུ་ཕྱིར་གཏོང་ནང་འདྲེན་གྱི་འཕར་ཚད་ནི་དུས་མཚུངས་ཀྱི་ཚོང་ཟོག་ཕྱིར་གཏོང་ནང་འདྲེན་གྱི་འཕར་ཚད་ལས་བརྒྱ་ཆའི་གྲངས་0.6གིས་མཐོ་བ་དང་། དུས་མཚུངས་ཀྱི་ཞབས་ཞུ་ལས་རིགས་ཀྱི་ཟུར་སྣོན་རིན་ཐང་འཕར་ཚད་ལས་བརྒྱ་ཆའི་གྲངས་0.9ཡིས་མཐོ་བ། དུས་མཚུངས་ཀྱི་རྒྱལ་དམངས་དཔལ་འབྱོར་གྱི་འཕར་ཚད་ལས་བརྒྱ་ཆའི་གྲངས་1.7ལས་མཐོ་བ་བཅས་ཡོད་པ་རེད།
           གཞན་ཡང་ཞབས་ཞུ་ཚོང་དོན་གྱི་གྲུབ་ཆ་སྔར་བས་ལེགས་སུ་བཏང་ཞིང་། ལོ་སྟོད་དུ་གསར་དར་ཞབས་ཞུ་ཕྱིར་གཏོང་བྱེད་ཚད་མགྱོགས་མྱུར་འཕར་ནས་ཕྱིར་གཏོང་སྒོར་དུང་ཕྱུར་4402བྱས་པ་དེ་དུས་མཚུངས་ལས་23.6%འཕར་བ་དེས་ཞབས་ཞུ་ཕྱིར་གཏོང་སྤྱི་འབོར་བསྡུར་ཚད་ཀྱི་52.3%བཟུང་བ་དེ་ལོ་གོང་མའི་དུས་མཚུངས་ལས་བརྒྱ་ཆའི་གྲངས་4.2མཐོ་རུ་ཕྱིན་ཡོད། དེའི་ནང་ནས་གློག་འཕྲིན་རྩིས་རྒྱག་འཕྲུལ་འཁོར་དང་། ཆ་འཕྲིན་ཞབས་ཞུ། འགན་བཅོལ། སྒེར་གྱི་རིག་གནས་དང་རོལ་རྩེད། སྲུང་སྐྱོང་དང་ཉམས་གསོ་ཕྱིར་གཏོང་འཕར་ཚད་བཅས་ཚང་མ་20%ལས་བརྒལ་བ་སྟེ། སོ་སོར་52.4%དང་། 37.9% 35.8% 22.6%བཅས་ཡིན་ལ་རང་རྒྱལ་གྱིས་ཞབས་ཞུ་ཕྱིར་གཏོང་ལ་སྐུལ་འདེད་གཏོང་བའི་སྲིད་ཇུས་བྱེད་ཐབས་ཀྱི་ཕན་འབྲས་རགས་ཙམ་མངོན་པ་རེད།
           “རྒྱལ་དམངས་རྒྱལ་ཁོངས་ལས་སྒྲོལ་ནས་ཡུལ་སྐོར་དང་སློབ་སྦྱོང་དུ་འགྲོ་མཁན་མང་བའི་རྐྱེན་གྱིས་ཞབས་ཞུ་ཚོང་དོན་གྱི་ལྡོག་ཁྱད་དེ་ད་དུང་འཕེལ་རྒྱས་ཀྱི་བརྒྱུད་རིམ་དུ་གནས་ཡོད”ལི་ཡོན་གྱིས་སྔོན་དཔག་བྱས་པ་ལྟར་ན། ཞབས་ཞུ་ཚོང་དོན་གྱི་ལྡོག་ཁྱད་དེ་2025ལོར་མཐོ་ཤོས་སུ་སླེབས་རྒྱུ་དང་དེ་རྗེས་རིམ་གྱིས་ཆུང་དུ་འགྲོ་རྒྱུ་ཡིན་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།