འཚོལ་བཤེར།   
藏文频道
2018ལོའི་ཟླ་8ཚེས་9ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་ལྗོངས་ཀྱིས་དྲ་ཚོང་ཟོག་འགྲེམས་ལ་བརྟེན་ནས་དཔལ་འབྱོར་འཕེལ་རྒྱས་མགྱོགས་སུ་བཏང་བ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 08ཚེས་09ཉིན། 10:53】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
           མི་དམངས་དྲ་བའི་འཕྲིན། ཀུན་གྱིས་ཤེས་གསལ་ལྟར། དེ་སྔ་བོད་ལྗོངས་ཀྱི་ཟོག་འགྲེམས་སྐྱེལ་འདྲེན་སྟབས་བདེ་མེད་པ་དེ་ཡུལ་དེའི་དཔལ་འབྱོར་འཕེལ་རྒྱས་ལ་ཚོད་འཛིན་ཕོག་པའི་རྒྱུ་རྐྱེན་གལ་ཆེན་གྱི་གྲས་ཤིག་ཏུ་གྱུར་ཡོད། ད་ཆ་བོད་ལྗོངས་སུ་དྲ་ཐོག་ཉོ་ཚོང་དེ་ཉིན་གཉིས་པར་འབྱོར་ཐུབ་པ་སོགས་ཟོག་འགྲེམས་དྲ་བ་ཞིབ་ཅིང་མང་དུ་སོང་བ་མ་ཟད། མི་སེར་གྱི་ཞིང་ལས་ཐོན་ཟོག་ཀྱང་དྲ་ཚོང་ཟོག་འགྲེམས་འཕེལ་རྒྱས་ལས་ཕྱིར་གཏོང་བྱེད་སླ་རུ་སོང་ཡོད།
           ལྷ་ས་གྲོང་ཁུལ་གྱི་ཕྱིར་ཚོང་འགྲེམས་ཁང་ཞིག་ནང་ཤ་སྐམ་པོ་དང་། རྩམ་པ། བཟའ་སྣུམ་སོགས་བོད་ཀྱི་ཁྱད་ལྡན་ཞིང་ལས་ཐོན་ཟོག་དང་། དེ་བཞིན་བཟོ་རྩལ་ཐོན་རྫས་གང་དགོས་འཛོམས་ཡོད། བོད་རང་སྐྱོང་ལྗོངས་མཁོ་ཚོང་ཚད་ཡོད་ཀུང་སིའི་འགན་འཁུར་བས་ངོ་སྤྲོད་བྱས་དོན། དེ་ནི་བོད་ལྗོངས་ཀྱི“ཞིང་གསུམ་ལ་ཞབས་འདེགས་ཞུ་བའི”ཕྱིར་ཚོང་གི་སྐར་ཁུང་ཞིག་ཡིན་པ་དང་ཐོན་རྫས་དེ་དག་གི་མ་བཅོས་རྒྱུ་ཆ་ཚང་མ་བོད་རང་སྐྱོང་ལྗོངས་མཁོ་ཚོང་ཁང་གིས་ཞིང་འབྲོག་པའི་ས་ནས་ཉོ་སྒྲུབ་བྱས་པ་དང་འབྲེལ། ཐོན་སྐྱེད་བྱ་ཡུལ་དུ་ལས་སྣོན་བཟོ་གྲྭ་བཙུགས་ནས་ལས་སྣོན་བྱས་རྗེས་དྲ་ཕྱིའི་ཚོང་ཁང་དང་དེ་བཞིན་དྲ་ཐོག་ལས་སྟེགས“མཁོ་ཚོང་eཁྱིམ”བརྒྱུད་ནས་རྒྱལ་ཡོངས་ཀྱི་ས་གནས་ཁག་ཏུ་ཕྱིར་ཚོང་བྱེད་ཀྱི་ཡོད།
          ངོ་སྤྲོད་བྱས་པར་གཞིགས་ན། བོད་ལྗོངས་ཀྱི་ཞིང་ལས་ཐོན་ཟོག་དང་བཟོ་རྩལ་ཐོན་རྫས་ལ་ས་གནས་ཀྱི་ཁྱད་ཆོས་ལྡན་པས་འཛད་སྤྱོད་པའི་ཁས་ལེན་རྒྱ་ཁྱབ་ངང་ཐོབ་ཡོད། བོད་ལྗོངས་མཁོ་ཚོང་ཚད་ཡོད་ཀུང་སིས་ཀྲུང་གོ་མཁོ་ཚོང་ཚོགས་པའི“མཁོ་ཚོང་eཁྱིམ”གྱི་དྲ་ཐོག་ཚོང་དོན་ལས་སྟེགས་དང་རྒྱལ་ཡོངས་སུ་ཁྱབ་པའི་དངོས་གཞིའི་འགྲེམས་ཚོང་ཐབས་ལམ་ལ་བརྟེན་ནས་བོད་ལྗོངས་ཀྱི་ཞིང་འབྲོག་མང་ཚོགས་ལ་རྒྱལ་ཡོངས་རང་བཞིན་གྱི་ཁྲོམ་རའི་ཕྱིར་ཚོང་མ་ལག་རྒྱས་སྐྲུན་བྱ་རྒྱུར་རོགས་རམ་བྱས་ཡོད། མིག་སྔར། ཞབས་འདེགས་ཞུ་བཞིན་པའི་ཚན་པ་30ལྷག་ཙམ་གྱི་ཐོན་རྫས་རྐྱང་པ་རིགས་100ལྷག་ཙམ་དྲ་ཐོག་དང་ཚོང་ཁང་ནས་བཙོངས་པ་ལས་ཉོ་ཚོང་བསྡོམས་འབོར་མི་དམངས་ཤོག་སྒོར་ཁྲི་200ལྷག་ཙམ་བྱུང་ཡོད་པ་རེད།
           མིག་སྔའི་བར། བོད་ལྗོངས་མཁོ་ཚོང་ཚད་ཡོད་ཀུང་སིས་ཞིང་གསུམ་ལ་ཕྱོགས་པའི“བོད་ཀྱི་ཞིང་འབྲོག་ཁྱད་ལྡན་ཐོན་ཟོག་གི་ཐོན་སྐྱེད་དང་། ཉོ་སྒྲུབ། མཛོད་འཇུག་སྐྱེལ་འདྲེན། ལས་སྣོན་ཕྱིར་ཚོང་བཅས་ཀྱི་ཐོན་ལས་ལས་སྟེགས་མ་ལག”རགས་ཙམ་བཙུགས་པ་དང་། ཐོན་ལས་ཅན་གྱི་སྐུལ་ཁྲིད་བརྒྱུད། བོད་ཀྱི་ཞིང་འབྲོག་མང་ཚོགས་ཀྱིས་ཉེ་འགྲམ་གྱི་ཁྱད་ལྡན་ཐོན་ཁུངས་ལ་བརྟེན་ནས་འབབ་འཕར་དང་དབུལ་སྒྲོལ་ཕྱུག་འགྱུར་ཐུབ་ཡོད་པ་རེད།
           ཉེ་བའི་ལོ་ཤས་རིང་། བོད་ལྗོངས་དྲ་ཐོག་ཚོང་དོན་འཕེལ་རྒྱས་ཐད་གཞི་ཁྱོན་རགས་ཙམ་ཆགས་ཤིང་། ངོ་སྤྲོད་བྱས་པར་གཞིགས་ན། “ལོ་ལྔ་ཚན་བཅུ་གསུམ་པའི”རིང་ནས་བཟུང་། བོད་ལྗོངས་ཀྱིས་དྲ་ཐོག་ཚོང་དོན་གྱི་ཚན་རྩལ་གསོ་སྐྱོང་གླིང་དང་པོ་སྟེ། བོད་རང་སྐྱོང་ལྗོངས་ཀྱི་Eཚོང་དྲ་ཐོག་ཚོང་དོན་ཐོན་ལས་གླིང་བསྐྲུན་ཡོད། མིག་སྔའི་བར། ཧྲུན་ཧྥུང་མྱུར་སྐྱེལ་ཚོགས་པ་དང་ཅིང་ཏུང་ཚོགས་པ་ཚུད་པའི་ཁེ་ལས་23དེའི་ནང་ཞུགས་ཡོད་པ་རེད།
           ན་ནིང་ཟླ་9པར། བོད་ཀྱིས་ཅིང་ཏུང་ཚོགས་པ་དང་《བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་དང་ཅིང་ཏུང་ཚོགས་པའི“དྲ་སྦྲེལ+”ཕྱོགས་ཡོངས་འཐབ་ཇུས་མཉམ་ལས་སྒྲོམ་གཞིའི་གྲོས་མཐུན་》བཞག་པ་དང་། བོད་དུ་ཅིང་ཏུང་གི་མཛོད་འཇུག་ཟོག་འགྲེམས་གླིང་དངོས་སུ་བཙུགས་པ་དང་སྦྲགས། སྡེབ་སྐྱེལ་མྱུར་ཚད་ཀྱང་ཧ་ཅང་མགྱོགས་སུ་ཕྱིན་ནས་ཁྱིམ་སྤྱོད་གློག་ཆས་ཆེ་གྲས་ལྷ་ས་གྲོང་ཁུལ་དུ་ཉོས་པའི་ཉིན་དེ་རང་དུ་འབྱོར་བའམ་ཡང་ན་ཉིན་གཉིས་པར་འབྱོར་བ་ཐོག་མར་མངོན་འགྱུར་ཐུབ་པ་དང་ཚོང་ཟོག་འབྲིང་གྲས་དང་ཆུང་གྲས་ཀྱང་ཉིན་གཉིས་པར་འབྱོར་བ་ཐོག་མར་མངོན་འགྱུར་ཐུབ་ཡོད་པ་རེད།
          འདི་ལོའི་ཟླ་1པོར། བོད་རང་སྐྱོང་ལྗོངས་ཚོང་དོན་ཐིང་དང་ཧྲུན་ཧྥུང་མྱུར་སྐྱེལ་ཚོགས་པའི་དབར་《བོད་རང་སྐྱོང་ལྗོངས་ཚོང་དོན་ཐིང་དང་ཧྲུན་ཧྥུང་མྱུར་སྐྱེལ་ཚོགས་པའི“དྲ་སྦྲེལ+ཟོག་འགྲེམས”ཀྱི་ཕྱོགས་ཡོངས་འཐབ་ཇུས་མཉམ་ལས་སྒྲོམ་གཞིའི་གྲོས་མཐུན་》བཞག་པ་དང་། བོད་དུ་ཧྲུན་ཧྥུང་མྱུར་སྐྱེལ་ཚོགས་པའི་མྱུར་སྐྱེལ་ཟོག་འགྲེམས་གླིང་ཡང་སྐྲུན་བཞིན་ཡོད། ཧྲུན་ཧྥུང་ཟོག་འདྲེན་གནམ་གྲུ་ཟླ་འདིའི་ནང་དངོས་སུ་བོད་དུ་གཏོང་རྒྱུ་དང་གཟའ་འཁོར་རེར་ལྷ་ས་ནས་ཁྲེང་ཏུའུ་དབར་ཕར་འགྲོ་ཚུར་འོང་གི་འཕུར་སྐྱོད་ཐེངས་5བྱ་རྒྱུ་ཡིན་པ་རེད།
           དྲ་ཐོག་ཚོང་དོན་འཕེལ་རྒྱས་ཀྱིས་བོད་ལྗོངས་ཀྱི་འཛད་སྤྱོད་ལ་ཡར་སྐུལ་བྱེད་པའི་ནུས་པ་མངོན་གསལ་དོད་པོས་ཆེ་རུ་སོང་ཞིང་། གྲངས་གཞི་ལས་མངོན་པར། 2017ལོར་བོད་ལྗོངས་ཀྱི་དྲ་རྒྱའི་ཉོ་ཚོང་བསྡོམས་འབོར་སྒོར་དུང་ཕྱུར་93.65ཟིན་པ་དེ་དུས་མཚུངས་ལས་29.22%འཕར་བ་དང་། དྲ་རྒྱའི་སིལ་ཚོང་བསྡོམས་འབོར་སྒོར་དུང་ཕྱུར་22.82ཟིན་པ་དེ་དུས་མཚུངས་ལས་59.80%འཕར་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།