འཚོལ་བཤེར།   
藏文频道
2018ལོའི་ཟླ་8ཚེས་8ཉིན།
  • མི་དམངས་དྲ་བ།

    ༄༅།།ཀྲུང་དབྱང་དཔལ་ཡོན་ཨུ་ལྷན་གྱིས་ཡིད་རྟོན་ཤོར་བའི་མངོན་གསལ་དོད་པའི་གནད་
    དོན་གཅིག་སྡུད་བཅོས་སྒྲིག་བྱས་པ། 

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 08ཚེས་08ཉིན། 10:21】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཉེ་ཆར། ཀྲུང་དབྱང་བསམ་པའི་དཔལ་ཡོན་སྲོལ་གཏོད་མཛུབ་ཁྲིད་ཨུ་ཡོན་ལྷན་ཁང་གིས《ཡིད་རྟོན་ཤོར་བའི་མངོན་གསལ་དོད་པའི་གནད་དོན་གཅིག་སྡུད་བཅོས་སྒྲིག་བྱས་ནས་སྤྱི་ཚོགས་ཡོངས་ཀྱི་ཡིད་རྟོན་ཆུ་ཚད་མཐོ་རུ་གཏོང་རྒྱུའི་སྐོར་གྱི་ལས་ཀའི་ཇུས་གཞི》བཀྲམ་སྟེ་ཀྲུང་དབྱང་བསམ་པའི་དཔལ་ཡོན་སྲོལ་གཏོད་མཛུབ་ཁྲིད་ཨུ་ལྷན་གྱིས་འབྲེལ་ཡོད་ཁོངས་མིའི་ཚན་པ་སྒྲིག་འཛུགས་བྱས་ནས་མི་དམངས་མང་ཚོགས་ཀྱིས་དོ་ཁུར་རྒྱ་ཁྱབ་བྱེད་པའི་ཡིད་རྟོན་ཤོར་བའི་གནད་དོན་དང་། དཔལ་འབྱོར་དང་སྤྱི་ཚོགས་ཁྱབ་ཁོངས་སུ་ཐོན་པའི་ཡིད་རྟོན་ཤོར་བའི་གནད་དོན་མངོན་གསལ་དོད་པར་དམིགས་ནས་ཆེད་དོན་བཅོས་སྒྲིག་བྱ་སྤྱོད་ཁག་19གཅིག་སྡུད་ཐོག་སྤེལ་བ་རེད།
         ཀྲུང་དབྱང་ཤེས་དཔལ་ཨུ་ལྷན་གྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་ལག་ལེན་གཏིང་ཟབ་བསྟར་བ་དང་། ཡིད་རྟོན་འཛུགས་སྐྱོང་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་ལག་བསྟར་ནན་ཏན་བྱེད་པ། མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་མཐའ་འཁྱོངས་བྱེད་པ། སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་སྐྱེད་སྲིང་དང་ལག་བསྟར་མཐའ་འཁྱོངས་བྱེད་པ། སྲིད་དོན་ཡིད་རྟོན་དང་། ཚོང་དོན་ཡིད་རྟོན། སྤྱི་ཚོགས་ཡིད་རྟོན། ཁྲིམས་འཛིན་ཡིད་རྟོན་བཅས་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ། ཡིད་རྟོན་འཛུགས་སྐྱོང་ལམ་ལུགས་ཅན་ལ་སྐུལ་འདེད་གཏིང་ཟབ་གཏོང་བ། ཀྲུང་དབྱང་དཔལ་ཡོན་ཨུ་ལྷན་གྱིས་སྤྱི་འདོམས་མཐུན་སྦྱོར་གྱི་ནུས་པ་འདོན་སྤེལ་བྱེད་པ། ཡིད་རྟོན་དྲིལ་བསྒྲགས་སློབ་གསོར་ཤུགས་སྣོན་རྒྱག་པ། ཡིད་རྟོན་གྲོས་འདྲིའི་མ་ལག་བསྐྲུན་རྒྱུར་ཤུགས་སྣོན་རྒྱག་པ། གཅིག་སྡུད་ཆེད་དོན་བཅོས་སྒྲིག་ལ་ཤུགས་སྣོན་རྒྱག་པ། ཡིད་རྟོན་ཤོར་བའི་བྱེད་སྤྱོད་ལ་ཞིབ་བཤེར་ཐག་གཅོད་ནན་པོ་བྱེད་པ། ཡིད་རྟོན་མཉམ་འབྲེལ་གྱི་བྱ་དགའ་ཆད་གཅོད་ཀྱི་མཉམ་འགུལ་ལམ་སྲོལ་འཛུགས་པ། དམ་འཛིན་ལྷོད་མེད་དང་སྙིང་རུས་གཏན་འཁྱོངས་བྱེད་པ། ཡིད་རྟོན་ཤོར་མི་ཕོད་པ་དང་། ཡིད་རྟོན་ཤོར་མི་རུང་བ། ཡིད་རྟོན་ཤོར་མི་འདོད་པའི་སྤྱི་ཚོགས་ཀྱི་ཁོར་ཡུག་གཏོད་པ་བཅས་བྱས་ཏེ་སྤྱི་ཚོགས་ཡོངས་སུ་ཁ་དན་ཚིག་ལ་གནས་པ་དང་ཡིད་རྟོན་ལ་མཐོང་ཆེན་དང་སྲུང་བའི་ཁོར་ཡུག་བཟང་པོ་ཞིག་གཏོད་དགོས་ཞེས་ནན་བཤད་བྱས་པ་རེད།
         ད་ཐེངས་ཀྱི་གཅིག་སྡུད་བཅོས་སྐྱོང་བྱ་སྤྱོད་ནང་གློག་འཕྲིན་དྲ་རྒྱའི་ཁ་བསླུས་ཀྱི་ཆེད་དོན་བཅོས་སྒྲིག་དང་། དྲ་སྦྲེལ་ཆ་འཕྲིན་རྫུས་མ་དང་། དཀྲོག་གཏམ་བཟོ་བ་དང་མཆེད་པར་ཆེད་དོན་བཅོས་སྒྲིག དངུལ་རྩའི་ཁྱབ་ཁོངས་དང་འབྲེལ་བ་ཡོད་པའི་ཡིད་རྟོན་ཤོར་བའི་གནད་དོན་ཆེད་དོན་བཅོས་སྒྲིག་དང་དྲ་སྦྲེལ་དངུལ་རྩའི་ཉེན་ཁར་ཆེད་དོན་བཅོས་སྒྲིག སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་གི་ཡིད་རྟོན་ཤོར་བའི་བྱེད་སྤྱོད་ལ་ཆེད་དོན་བཅོས་སྒྲིག དབུལ་སྐྱོར་དབུལ་སྒྲོལ་གྱི་ཡིད་རྟོན་ཤོར་བའི་གནད་དོན་ཆེད་དོན་བཅོས་སྒྲིག ལག་ཁྱེར་མེད་པར་སྨན་བཅོས་བྱེད་པ་དང་ཁྲིམས་འགལ་ངང་སྨན་བཅོས་བྱེད་པའི་གནད་དོན་ཆེད་དོན་བཅོས་སྒྲིག སྨན་རྫས་རྫུས་མའི་གནད་དོན་གྱི་ཆེད་དོན་བཅོས་སྒྲིག གླ་ཕོགས་འགྱངས་ཆད་ཀྱི་གནད་དོན་གྱི་ཆེད་དོན་བཅོས་སྒྲིག “ལུགས་མཐུན་མིན་པའི་རིན་གོང་དམའ་བའི་ཡུལ་སྐོར”གྱི་ཆེད་དོན་བཅོས་སྒྲིག ངར་སློང་སྨན་རྫས་སྤྱོད་པའི་གནད་དོན་ཆེད་དོན་བཅོས་སྒྲིག་སོགས་ཀྱི་བཅོས་སྒྲིག་ལས་དོན་ཚུད་ཡོད་པ་རེད། ཆེད་དོན་བཅོས་སྐྱོང་ལས་དོན་ཚང་མར་སྣེ་ཁྲིད་ཚན་པ་དང་ཞུགས་མཁན་ཚན་པ་ཁ་གསལ་བཟོས་ཡོད་པ་དང་འབྲེལ། ཞིབ་ཕྲའི་བྱ་ཐབས་བཏོན་ནས་དོན་ཐོག་ཏུ་འཁྱོལ་བ་དང་ཕན་འབྲས་ཐོན་པའི་འགན་ལེན་བྱེད་དགོས་ཞེས་བསྟན་པ་རེད།
         ཀྲུང་དབྱང་དཔལ་ཡོན་ཨུ་ལྷན་གྱིས་ཡིད་རྟོན་རུང་བའི་མ་ལག་བསྐྲུན་རྒྱུར་ཤུགས་སྣོན་བརྒྱབ་ནས་ཁྱབ་ཁོངས་ཁག་གི་ཡིད་རྟོན་ཐོ་འགོད་ལམ་ལུགས་ཕྱོགས་ཡོངས་ནས་འཛུགས་པ་དང་། སྤྱི་ཚོགས་ཡོངས་སུ་ཁྱབ་པའི་ཡིད་རྟོན་ཆ་འཕྲིན་དྲ་རྒྱ་སྐྲུན་པ། ཡིད་རྟོན་ཆ་འཕྲིན་ཡོངས་བསྒྲགས་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ་བཅས་བྱེད་དགོས་ཞེས་བཏོན་ཡོད་པ་རེད།
         ད་དུང་ཀྲུང་དབྱང་ཤེས་དཔལ་ཨུ་ལྷན་གྱིས་ཡིད་རྟོན་དྲིལ་བསྒྲགས་སློབ་གསོར་ཤུགས་སྣོན་རྒྱག་པ་དང་། ཡིད་རྟོན་འཛུགས་སྐྱོང་གི་བརྗོད་དོན་གཙོ་བོ་དྲིལ་བསྒྲགས་སྒྲིག་འཛུགས་བྱེད་པ། ཡིད་རྟོན་འདུ་ཤེས་སློབ་གསོ་དང་ཉེན་ཁའི་འདུ་ཤེས་སློབ་གསོར་ཤུགས་སྣོན་རྒྱག་པ། ཡིད་རྟོན་གྱི་བརྗོད་དོན་གཙོ་བོའི་ལག་ལེན་བྱེད་སྒོ་སྤེལ་བ། ཁ་དན་ཚིག་གནས་ཀྱི་ཀུན་སྤྱོད་དཔེ་བཟང་བར་སློབ་སྦྱོང་དང་དྲིལ་བསྒྲགས་བྱེད་པ། ཡིད་རྟོན་སྤྱི་ཕན་བརྡ་ཁྱབ་དྲིལ་བསྒྲགས་བྱེད་པ། ཡིད་རྟོན་འཛུགས་སྐྱོང་བྱ་རྒྱུ་དེ་མང་ཚོགས་རང་བཞིན་གྱི་བསམ་པའི་དཔལ་ཡོན་སྲོལ་གཏོད་བྱེད་སྒོའི་ནང་དོན་གལ་ཆེན་ལ་བརྩི་བ། ཡིད་རྟོན་བླང་བྱ་དེ་སྤྱི་ཚོགས་ཚད་ལྡན་ནང་མཉམ་འདྲེས་ཐུབ་པ་བཅས་བྱས་ནས་མི་རྣམས་ཀྱིས་ཡིད་རྟོན་རིན་ཐང་གི་ཚད་གཞི་ནང་སེམས་སུ་ཟུག་པ་དང་ཕྱི་བྱ་སྤྱོད་ཐོག་དོན་འཁྱོལ་ཐུབ་རྒྱུར་ཁྲིད་སྟོན་བྱེད་དགོས་པའི་བླང་བྱ་བཏོན་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།