འཚོལ་བཤེར།   
藏文频道
2018ལོའི་ཟླ་8ཚེས་7ཉིན།
  • མི་དམངས་དྲ་བ།

    ༄༅།།“འཁྱགས་ཐོག་དར་གོས་ལམ་བུས”ཀྲུང་གོའི་ཚོང་གྲུ་གསར་པ་བསུས། 

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 08ཚེས་07ཉིན། 10:45】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
           མི་དམངས་དྲ་བའི་འཕྲིན། ཟླ་8ཚེས་4ཉིན། ཅང་སུའུ་ཡི་ལེན་ཡུན་སྒང་གྲུ་ཁར་ནམ་ལངས་མ་ཐག“ཐེན་ཨེན”རྟགས་ཅན་གྱི་གྲུ་གཟིངས་ཀྱི་གྲུ་དཔོན་ཁྲེན་ཞང་ཝུའུ་དང་གྲུ་པ་ཚོ་བྲེལ་བརྩོན་གྱིས་ཁེངས་ཤིང་། ཁོང་ཚོས་ཚོང་ཟོག་ལ་ཞིབ་བཤེར་བྱེད་པ་དང་ཐག་པ་དམ་དུ་བཏང་ནས་བྱང་སྣེར་ཐོན་རྒྱུའི་གྲ་སྒྲིག་བྱེད་བཞིན་མཆིས།
         ཁོང་ཚོས་རླུང་གློག་སྒྲིག་ཆས་ཁེངས་པར་བླུགས་པའི་ཀྲུང་ཡོན་མཚོ་ཐོག་སྐྱེལ་འདྲེན་ཚོགས་པའི་ཁོངས་སུ་གཏོགས་པའི་ཀྲུང་ཡོན་མཚོ་ཐོག་སྐྱེལ་འདྲེན་གྱི་དམིགས་བསལ་སྐྱེལ་འདྲེན་ཀུང་སིའི“ཐེན་ཨེན”རྟགས་ཅན་གྱི་ཟོག་འདྲེན་གྲུ་གཟིངས་བཏང་ནས“འཁྱགས་ཐོག་དར་གོས་ལམ་བུ”བརྒྱུད་བྱང་སྣེའི་བྱང་ཤར་གྲུ་ལམ་སྒྲོལ་ཏེ་ཡོ་རོབ་ཏུ་བསྐྱོད་མཁན་ཡིན་པ་རེད།
         ཚེས་4ཉིན་གྱི་ཕྱི་དྲོ། མཚོ་རླུང་དང་སྦྲགས་ཏེ་ལྗིད་ཚད་ཏུན་ཁྲི་3.6ཟིན་པའི་སྤྱོད་སྒོ་མང་བའི“ཐེན་ཨེན”རྟགས་ཅན་གྱི་གྲུ་གཟིངས་ལེན་ཡུན་སྒང་གྲུ་ཁ་ནས་དལ་གྱིས་ཐོན།
         འདི་ནི“ཐེན་ཨེན”རྟགས་ཅན་གྱི་གྲུ་གཟིངས་བྱང་སྣེར་སྐྱོད་ཐེངས་དང་པོ་ཡིན་པ་རེད། ཀྲུང་གོའི་ཚོང་གྲུ་བྱང་སྣེའི་བྱང་ཤར་གྲུ་ལམ་དུ་སྐྱོད་ཐེངས་ཐོག་མ་ནི་2013ལོར་ཡིན་པ་དང་། ལོ་དེར་ཀྲུང་ཡོན་མཚོ་ཐོག་སྐྱེལ་འདྲེན་གྱི་དམིགས་བསལ་སྐྱེལ་འདྲེན་ཀུང་སིའི་ཁོངས་སུ་གཏོགས་པའི“ཡུང་ཧྲེང”རྟགས་ཅན་གྱི་ཟོག་འདྲེན་གྲུ་གཟིངས་དེ་ཉིད་བྱང་སྣེའི་བྱང་ཤར་གྲུ་ལམ་བརྒྱུད་ཨེ་ཤེ་ཡ་ནས་ཡོ་རོབ་བར་གྱི་མཚོ་ལམ་ཐོག་སྐྱོད་མཁན་ཀྲུང་གོའི་ཚོང་གྲུ་དང་པོ་དེར་གྱུར་པ་རེད།
         2013ལོ་ནས་2017ལོའི་བར། ཀྲུང་ཡོན་མཚོ་ཐོག་སྐྱེལ་འདྲེན་གྱི་དམིགས་བསལ་སྐྱེལ་འདྲེན་ཀུང་སིས་བྱང་སྣེའི་བྱང་ཤར་གྲུ་ལམ་དུ་གྲུ་གཟིངས་10བཏང་བ་དང་གྲུ་གཏོང་ཐེངས་14ཡི་ལས་འགན་བསྒྲུབས་པ་རེད།
         “བྱང་སྣེའི་བྱང་ཤར་གྲུ་ལམ་ནི་ཨེ་ཤེ་ཡའི་བྱང་ཤར་དང་ཡོ་རོབ་ནུབ་བྱང་འབྲེལ་མཐུད་བྱས་པའི་མཚོ་ཐོག་སྐྱེལ་འདྲེན་མཚོ་ལམ་ཐུང་ཤོས་དེ་རེད” ཐེག་ཚད་དང་ཁྲོམ་རའི་འབར་སྣུམ་རིན་གོང་ཇི་ཙམ་མཐོ་བ་ཡོད་ན་བྱང་སྣེའི་བྱང་ཤར་གྲུ་ལམ་གྱི་ཕན་འབྲས་ཀྱི་ལེགས་སྐྱེས་འབུལ་ཚད་དེ་ཙམ་གྱིས་མངོན་གསལ་དོད་པ་ཡོད་ཅེས་ཀྲུང་ཡོན་མཚོ་ཐོག་སྐྱེལ་འདྲེན་གྱི་དམིགས་བསལ་སྐྱེལ་འདྲེན་ཀུང་སིའི་ཏང་ཨུད་ཀྱི་ཧྲུའུ་ཅི་སྤྱི་ཁྱབ་ཅིང་ལི་གཞོན་པ་ཀྲང་ལི་ཡིས་ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པར་བཤད།
         “ང་ཚོའི་མ་གནས་དམའ་རུ་སོང་ན་ཡོ་རོབ་ཀྱི་རོགས་ཟླའི་མ་གནས་ཀྱང་དམའ་རུ་འགྲོ་ངེས་རེད”“‘འཁྱགས་ཐོག་དར་གོས་ལམ་བུ’དེ་ལས་ང་ཚོར་ཕན་ཚུན་གཉིས་ཁེ་ཡོང་རྒྱུ་རེད”ཅེས་ཀྲང་ལི་ཡིས་བཤད།
         ཀྲང་ལི་ཡིས་འདི་ལོ་ཀུང་སིས་གྲུ་གཟིངས་7བཏང་ནས་བྱང་སྣེར་གྲུ་གཟིངས་ལན་གྲངས་10གཏོང་བའི་ལས་འགན་བསྒྲུབ་རྩིས་ཡོད། འདི་ལོ“ཐེན་ཨེན”རྟགས་ཅན་གྱི་གྲུ་གཟིངས་མ་ཐོན་གོང་ཁེ་ལས་དེའི་ཁོངས་སུ་གཏོགས་པའི་གྲུ་གཟིངས་3བྱང་སྣེའི་བྱང་ཤར་གྲུ་ལམ་དུ་བསྐྱོད་ཡོད་ཅེས་བཤད།
         འདི་ལོའི་ཟླ་1པོར་ཀྲུང་གོ་སྲིད་གཞུང་གིས་བཏོན་པའི་《ཀྲུང་གོའི་བྱང་སྣེའི་སྲིད་ཇུས་》ཞེས་པའི་རྒྱབ་ཤ་དཀར་པོའི་དེབ་ནང་བྱང་སྣེའི་གྲུ་ལམ་གསར་སྤེལ་དང་བེད་སྤྱོད་ལ་བརྟེན་ནས་ཕྱོགས་ཁག་དང་མཉམ་དུ“འཁྱགས་ཐོག་དར་གོས་ལམ་བུ”གཏོད་རྒྱུའི་མོས་མཐུན་བྱུང་བ་འཁོད་ཡོད། ཧྥིན་ལན་དང་། ནོར་ཝེ། ཨུ་རུ་སུ་སོགས་རྒྱལ་ཁབ་ཀྱི་སྲིད་ཕྱོགས་མི་སྣ་དང་རིགས་གཅིག་མཁས་ཅན་ཚོས་གཅིག་རྗེས་གཉིས་མཐུད་ངང་རྒྱབ་སྐྱོར་ཞུ་རྒྱུ་ཡིན་ཞེས་བཤད་པ་རེད།
         ལེན་ཡུན་སྒང་གྲུ་ཁ་ནས་ཐོན་རྗེས“ཐེན་ཨེན”རྟགས་ཅན་གྱི་གྲུ་གཟིངས་ཀྱིས་ཁྲའོ་ཞན་མཚོ་འགག་དང་། རི་པིན་རྒྱ་མཚོ། པའེ་ལིང་མཚོ་འགག པཱ་ལུན་ཀྲི་མཚོ། དབྱིན་ཇི་ལི་མཚོ་འགག པོ་ལོ་ཏི་རྒྱ་མཚོ་སོགས་བརྒྱུད་ནས་ཧྥ་རན་སེ་དང་། ཧོ་ལན། སུའེ་ཏེན་བཅས་ཀྱི་གྲུ་ཁར་བསྐྱོད་རྒྱུ་རེད།
         ཀྲུང་ཡོན་མཚོ་ཐོག་སྐྱེལ་འདྲེན་གྱི་དམིགས་བསལ་སྐྱེལ་འདྲེན་ཀུང་སིའི་གྲུ་གཟིངས་དོ་དམ་པུའི་སྤྱི་ཁྱབ་ཅིང་ལི་ལེའང་ཅེས“འཁྱགས་ཐོག་དར་གོས་ལམ་བུ”མཉམ་སྐྲུན་བྱེད་པ་ལས་ཀྲུང་གོ་དང་ཕྱི་རྒྱལ་གྱི་ཁེ་ལས་ལ་གོ་སྐབས་ཆེན་པོ་ཐོབ་རྒྱུ་ཡིན་པའི་ངོས་འཛིན་བྱེད་ཀྱི་ཡོད། ཁོང་གིས་མི་དང་། གྲུ་གཟིངས། ཚོང་ཟོག་བཅས་ཀྱི་བདེ་འཇགས་འགན་ལེན་བྱེད་པའི་སྔོན་འགྲོའི་ཆ་རྐྱེན་འོག ཀྲུང་ཡོན་གྱིས་ཁོར་ཡུག་སྲུང་སྐྱོང་ལ་སྣང་ཆེན་བྱེད་པ་དང“མཚོ་ཐོག་ཏུ་སྐྱོད་རིང་བྱང་སྣེར་གད་སྙིགས་གཅིག་ཀྱང་དབྱུགས་མི་ཆོག་པ་དང་ལྗང་མདོག་གི‘འཁྱགས་ཐོག་དར་གོས་ལམ་བུ’ཞིག་གཏོད་ཐུབ་པ་བྱ་རྒྱུ་ཡིན”ཞེས་བཤད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།