འཚོལ་བཤེར།   
藏文频道
2018ལོའི་ཟླ་8ཚེས་7ཉིན།
  • མི་དམངས་དྲ་བ།

    ༄༅།།གློག་འཕྲིན་ཁ་བསླུས་བཅོས་སྒྲིག་ལ་དུས་མཚམས་རང་བཞིན་གྱི་གྲུབ་འབྲས་ཐོབ་པ། 

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 08ཚེས་07ཉིན། 10:43】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་8ཚེས་5ཉིན་གསར་འགོད་པར་བཟོ་ལས་དང་ཆ་འཕྲིན་ཅན་པུའུ་ནས་ཤེས་རྟོགས་བྱུང་གསལ། གློག་འཕྲིན་ཁ་བསླུས་ལ་བཅོས་སྒྲིག་བྱེད་པར་དུས་མཚམས་རང་བཞིན་གྱི་གྲུབ་འབྲས་ཐོབ་ཡོད་ཅིང་། བཟོ་འཕྲིན་པུས་གློག་འཕྲིན་ཁ་བསླུས་ཀྱི་འབྱུང་རྩ་དང་ཕྱོགས་བསྡུས་བཅོས་སྒྲིག་ལ་མུ་མཐུད་ཤུགས་སྣོན་བརྒྱབ་སྟེ། གློག་འཕྲིན་ཁ་བསླུས་བཅོས་སྒྲིག་བྱེད་ཤུགས་སྔ་བས་ཆེ་རུ་གཏོང་རྒྱུ་ཡིན་པ་རེད།
         ཤེས་རྟོགས་བྱུང་བར་གཞིགས་ན། ཉེ་བའི་ལོ་ཤས་རིང་། བཟོ་འཕྲིན་པུས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་གློག་འཕྲིན་དྲ་སྦྲེལ་གྱི་ཁྲིམས་འགལ་ཉེས་གསོག་བྱེད་སྤྱོད་གསར་པར་རྡུང་རྡེག་དང་བཅོས་སྒྲིག་ལས་དོན་གྱི་པུའུ་དབར་གྱི་མཉམ་འབྲེལ་གྲོས་ཚོགས་ཀྱི་མཛུབ་ཁྲིད་འོག་ལས་རིགས་ཀྱི་འབྱུང་རྩ་བཅོས་སྒྲིག་དང་ཕྱོགས་བསྡུས་བཅོས་སྒྲིག་ལ་ཤུགས་སྣོན་བརྒྱབ་ཅིང་། མིག་སྔའི་བར་སྔོན་འགོག་རྡུང་རྡེག་ལས་དོན་ལ་དུས་མཚམས་རང་བཞིན་གྱི་ཕན་འབྲས་མངོན་གསལ་དོད་པོ་ཐོན་པ་སྟེ།
         གཅིག་ནི་གཙོ་གནད་ལས་སྒོའི་བཅོས་སྒྲིག་ལ་ཤུགས་སྣོན་ཐེབས་ཤིང་། སྐད་གདངས་ཆེད་སྤྱོད་ཁ་པར་ཁྲི་6.1བཀག་པ་དང་། “400”གྱོད་གཞི་དང་འབྲེལ་བ་ཡོད་པའི་ཨང་གྲངས་2016ལོའི་ཟླ་རེར་ཆ་སྙོམས་700ལྷག་ཙམ་ནས་མིག་སྔའི་གྲངས་གནས་གཅིག་བར་ཆག་པ་དང་། འཛད་སྤྱོད་པས་ཐེར་འདོན་གོང་ཞུ་དང་སྤྱི་བདེ་སྡེ་ཚན་གྱིས་བརྡ་ཁྱབ་བཏང་ནས་ཨང་གྲངས་བཀག་པའི་གྲངས་འབོར་དེ་2017ལོའི་དུས་མཚུངས་ལས་55%དང་66%སོ་སོར་ཆག་ཡོད་པ་རེད།
         གཉིས་ནི་ལག་རྩལ་སྔོན་འགོག་ཚོད་འཛིན་ལ་ཤུགས་སྣོན་ཐེབས་ཤིང་། རྒྱལ་སྤྱི་དང་ཞིང་ཆེན་གྱི་མཐུད་སྣེར་ཁྱབ་པའི་ཁ་བསླུས་ཁ་པར་ལག་རྩལ་སྔོན་འགོག་མ་ལག་ཕྱོགས་ཡོངས་ནས་བསྐྲུན་རྒྱུ་ལེགས་གྲུབ་བྱུང་བ་དང་ཆགས་ཅིག ཉིན་ལྟར་ཆ་སྙོམས་ཁ་བསླུས་ཁ་པར་ཐེངས་ཁྲི་400ལྷག་ཙམ་ཐག་གཅོད་བྱས་པ་དང་། རགས་རྩིས་ལྟར་ན་ཐེངས་དུང་ཕྱུར་3.39ཟིན་ཡོད་པ་རེད།
         གསུམ་ནི་ཁ་པར་སྤྱོད་མཁན་གྱི་མིང་ཐོ་དངོས་འགོད་མུ་མཐུད་དོན་འཁྱོལ་ནན་པོ་ཐུབ་ཅིང་། གློག་འཕྲིན་ཁེ་ལས་ཀྱིས་ཐོབ་ཐང་ལག་ཁྱེར་གསར་པའི་ཤན་འབྱེད་སྒྲིག་ཆས་དང་། ས་གནས་ས་ཐོག་ཏུ་སྤྱོད་མཁན་ལ་པར་རྒྱག་པ། དྲ་ཐོག་བརྙན་ལམ་བརྒྱུད་མི་ངོ་མ་ཁས་ལེན་དང་དེ་བཞིན“ལག་ཁྱེར་གཅིག་ལ་གཱ་ལྔའི”ཚོད་འཛིན་ལ་ཤུགས་སྣོན་རྒྱག་པ་སོགས་ཀྱི་བྱ་ཐབས་ལ་མཛུབ་ཁྲིད་དང་སྐུལ་འདེད་བཏང་ནས་ཁ་པར་སྤྱོད་མཁན་གྱི་ཐོ་འགོད་ཆ་འཕྲིན་ཡང་དག་ཚད་མཐོ་རུ་བཏང་བ་རེད།
         བཞི་ནི་གློག་འཕྲིན་དང་དྲ་སྦྲེལ་ཁེ་ལས་སྒྲིག་འཛུགས་བྱས་ནས་འཛད་སྤྱོད་པའི་མི་སྒེར་གྱི་ཆ་འཕྲིན་སྲུང་སྐྱོང་ལ་ཆེད་དོན་ཞིབ་བཤེར་བྱས་ཤིང་། རྒྱལ་ནང་གི་ཉེར་སྤྱོད་ཚོང་ཁང་གི་ཉེར་སྤྱོད་མཉེན་ཆས་ཁྲི་8ལ་ལག་རྩལ་ཞིབ་དཔྱད་ཚད་ལེན་བྱེད་པ་དང་། དྲ་རྒྱའི་གྲངས་གཞི་དང་མི་སྒེར་གྱི་ཆ་འཕྲིན་ཚད་ལས་བརྒལ་བའི་བསྡུ་ལེན་དང་། ཕྱིར་གྱར། གང་བྱུང་དུ་སྤྱོད་པ་སོགས་ཀྱི་གནད་དོན་ལ་ཞིབ་བསྡུར་བྱེད་ཤུགས་ཆེ་རུ་བཏང་ནས། གནད་དོན་ཡོད་པའི་ཁེ་ལས་ཁག་གཅིག་སྐོང་འདྲི་བྱས་པ་དང་འབྲེལ་བཅོས་སྒྲིག་བྱེད་དགོས་པའི་སྐུལ་མ་བཏང་བ་རེད།
         ལྔ་ནི་སྤྱི་བདེ་སོགས་འབྲེལ་ཡོད་སྡེ་ཚན་དང་མཉམ་འགུལ་བྱ་རྒྱུར་དམ་འཛིན་བྱས་ཤིང་། གནོད་འཚེ་ཕོག་པའི་འཛད་སྤྱོད་པ་ཁྲི་36.9ལ་དུས་ཐོག་ཏུ་ཁ་ཏ་བསླབ་བྱ་བྱས་ནས་ཐད་ཀའི་དཔལ་འབྱོར་གྱོང་གུན་སྒོར་དུང་ཕྱུར་11.2ལྷག་ཙམ་མི་ཕོག་པ་བྱས་པ་བཅས་རེད།
         བཟོ་འཕྲིན་པུའི་འབྲེལ་ཡོད་འགན་འཁུར་བས་ངོ་སྤྲོད་བྱས་པར་གཞིགས་ན། ཆེད་དོན་བཅོས་སྒྲིག་ལས་དོན་རྒྱུན་མཐུད་གཏིང་ཟབ་སྤེལ་བ་དང་ཆབས་ཅིག་གནས་ཚུལ་དང་གནད་དོན་གསར་པ་ཁག་གཅིག་ཐོན་པ་སྟེ། མི་སྒེར་གྱི་ཆ་འཕྲིན་ཕྱིར་གྱར་བ་དེ་ཆ་འཕྲིན་ཁ་བསླུས་ཀྱི་འབྱུང་རྩར་གྱུར་བ་དང་། ཁ་བསླུས་པས་ལས་རིགས་ཁག་གི་མི་འདང་བའི་ཆ་སྤྱད་དེ་ཁྲིམས་ལས་འགལ་ནས་མི་སྒེར་གྱི་ཆ་འཕྲིན་གནས་ཚུལ་རག་ཐབས་བྱེད་པའི་སྐོར་ཉིན་བཞིན་མངོན་གསལ་དོད་དུ་ཕྱིན་པ་དང་། ཁ་བསླུས་རྒྱག་སྟངས་གསར་པ་རིམ་བཞིན་མང་དུ་འགྲོ་བ་མ་ཟད། འགོག་རྒོལ་བྱ་རྒྱུ་ཉིན་བཞིན་ཛ་དྲག་ཏུ་འགྲོ་བཞིན་ཡོད་པ་རེད། 
      

    ཕྱོགས་བསྡུས་གསར་འགྱུར།