འཚོལ་བཤེར།   
藏文频道
2018ལོའི་ཟླ་8ཚེས་7ཉིན།
  • མི་དམངས་དྲ་བ།

    ༄༅།།ཀྲུང་ལོ་ལྕགས་ལམ་འཛུགས་སྐྲུན་གྱི་རིགས་གཅིག་མཁས་ཅན་ལོ་སིའི་རགས་ཁ་ཤོར་ཁུལ་
    དུ་བསྐྱོད་ནས་ཉེན་ཟམ་སྒྱུར་བཀོད་ལས་དོན་ལ་བརྟག་ཞིབ་བྱས་པ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 08ཚེས་07ཉིན། 10:48】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ལོ་ཀྲུང་ལྕགས་ལམ་ཀུང་སིས་ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པར་ངོ་སྤྲོད་བྱས་པར། ཀུང་སིས་ལོ་སི་སྲིད་གཞུང་གི་འབོད་སྐུལ་བརྡ་ལན་ཞུས་ཏེ། ཉིན་ཤས་གོང་རིགས་གཅིག་མཁས་ཅན་ཚོགས་ཆུང་ལོ་སིའི་ལྷོ་རྒྱུད་ཨ་སུའུ་ཕོ་ཞིང་ཆེན་གྱི་ཆུ་མཛོད་ཀྱི་རགས་ཁ་ཤོར་ཁུལ་དུ་བསྐྱོད་ནས་ཉེན་ཟམ་སྒྱུར་བཀོད་ལས་དོན་ལ་བརྟག་ཞིབ་བྱས་པ་རེད།
         ཨ་སུའུ་ཕོ་ཞིང་ཆེན་དུ་ཟླ་7ཚེས་23ཉིན་རགས་ཁ་ཤོར་ནས་མི་མང་པོ་རྐྱེན་ལམ་དུ་ཤོར་བའམ་ཡང་ན་གར་སོང་ཆ་མེད་དུ་གྱུར་པ་དང་གེགས་ཁུལ་གྱི་གཞུང་ལམ་མང་པོར་གཏོར་སྐྱོན་ཕོག་སྟེ་གེགས་རྗེས་བསྐྱར་སྐྲུན་ལས་དོན་སྤེལ་རྒྱུར་འགོག་རྐྱེན་འཕྲད་ཡོད། ལོ་སིའི་འགྲིམ་འགྲུལ་པུས་ལོ་སིའི་ཁེ་ལས་ཀྱིས་རྒུད་སྐྱོབ་རོགས་སྐྲུན་གྱི་ལས་དོན་སྤེལ་དགོས་པའི་འབོད་སྐུལ་བྱས་པ་དང་འབྲེལ་ལོ་ཀྲུང་ལྕགས་ལམ་ཀུང་སིས་ལྕགས་ལམ་འཛུགས་སྐྲུན་གྱི་ལག་རྩལ་དང་སྒྲིག་ཆས་ཀྱི་ལེགས་ཆ་སྤྱད་དེ་གཞུང་ལམ་རྒྱུད་ཀྱི་ཤིང་ཟམ་སྒྱུར་བཀོད་དང་གེགས་ཁུལ་བསྐྱར་སྐྲུན་ལ་རོགས་སྐྱོར་བྱ་རྒྱུའི་རེ་བ་བཏོན་པ་རེད།
         ལོ་སི་སྲིད་གཞུང་གི་འབོད་སྐུལ་དེར་བརྡ་ལན་ཞུ་ཆེད། ཟླ་8ཚེས་2ཉིན་ལོ་ཀྲུང་ལྕགས་ལམ་ཀུང་སིས་ཀྲུང་གོའི་ཀྲུང་གོ་ལྕགས་ལམ་དང་ཀྲུང་གོ་གློག་སྐྲུན་སོགས་ཀྲུང་ལོ་ལྕགས་ལམ་འཛུགས་སྐྲུན་ཚན་པའི་རིགས་གཅིག་མཁས་ཅན་ལས་གྲུབ་པའི་ལག་རྩལ་རིགས་གཅིག་མཁས་ཅན་ཚོགས་ཆུང་བཙུགས་ཏེ་ལོ་སིའི་ལྷོ་རྒྱུད་གེགས་ཁུལ་དུ་བསྐྱོད་ནས་གཞུང་ལམ་དང་ཉེན་ཟམ་སྒྱུར་བཀོད་ལས་ཡུལ་དུ་བརྟག་ཞིབ་ལས་དོན་སྤེལ་བ་རེད།
         མིག་སྔར་ལོ་སི་རྒྱལ་ཁབ་ཧྲིལ་པོར་ཆར་དུས་སྒང་ཡིན་པས་འདམ་རྡོའི་ཆུ་རུད་སོགས་རང་བྱུང་གནོད་འཚེ་མང་པོ་ཐོན་པ་དེས་ཉེན་ཟམ་སྒྱུར་བཀོད་ལས་གྲྭར་འགོག་རྐྱེན་འཕྲད་ཡོད། ལོ་ཀྲུང་ལྕགས་ལམ་ཀུང་སིས་ཀྲུང་ལོ་ལྕགས་ལམ་འཛུགས་སྐྲུན་ནང་ཞུགས་མཁན་ཚན་པའི་སྟོབས་ཤུགས་ལེགས་ཆ་གཅིག་སྡུད་བྱས་ཏེ་ནུས་ཤུགས་ཡོད་རྒུས་ལོ་སིའི་གེགས་ཁུལ་གྱི་འགྲོ་ལམ་དང་ཟམ་པ་བསྐྱར་སྐྲུན་བྱས་ནས་ལོ་སིའི་གེགས་ཁུལ་གྱི་ཐོན་སྐྱེད་དང་འཚོ་བ་སླར་གསོ་བྱ་ཆེད་ལེགས་སྐྱེས་ཧུར་ཐག་ཕུལ་ཏེ་བྱ་སྤྱོད་དངོས་ཀྱི་ཐོག་ནས་ཀྲུང་ལོའི་སྲོལ་རྒྱུན་མཛའ་གྲོགས་རྒྱུན་འཛིན་དང་དར་སྤེལ་གཏོང་རྒྱུ་ཡིན་ཞེས་བཤད།
      

    ཕྱོགས་བསྡུས་གསར་འགྱུར།