འཚོལ་བཤེར།   
藏文频道
2018ལོའི་ཟླ་7ཚེས་19ཉིན།
  • མི་དམངས་དྲ་བ།

    ༄༅།།སྤྱི་བདེ་པུས་དབྱར་གསེང་རིང་གི་ཡུལ་སྐོར་འགྲིམ་འགྲུལ་བདེ་འཇགས་ཀྱི་ཉེན་ཟོན་སྔོན་བརྡ་བཏང་བ། 

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 07ཚེས་19ཉིན། 11:15】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
           མི་དམངས་དྲ་བའི་འཕྲིན། དབྱར་གསེང་རིང་ཡུལ་སྐོར་དང་གཉེན་འཕྲད་དུ་འགྲོ་མང་བས་རྒྱལ་ཡོངས་སུ་འགྲུལ་པ་ཕྱིར་སྐྱོད་མང་བའི་དུས་སུ་སླེབས་པ་དང་དབྱར་དུས་དྲོད་ཚད་མཐོ་བ་དང་། ཆར་ཞོད་ཆེ་བ། རྒྱ་མཚོའི་རླུང་འཚུབ་ལྡང་བ་སོགས་གནམ་གཤིས་ངན་པ་དང་ཆུ་ལོག་དང་འདམ་རྡོའི་ཆུ་རུད་སོགས་རང་བྱུང་གནོད་འཚེའི་ཤུགས་རྐྱེན་གྱིས་རྐྱེན་པས་འགྲོ་ལམ་འགྲིམ་འགྲུལ་ལས་འཛོལ་ཐོན་ཉེན་ཆེན་པོ་ཡོད། དེར་བརྟེན་ཉེ་དུས་སྤྱི་བདེ་པུས་ཕྱིར་སྐྱོད་བདེ་འཇགས་ཀྱི་ཉེན་ཟོན་སྔོན་བརྡ་དང་དྲན་སྐུལ་བཏང་བ་རེད།
            ཤེས་རྟོགས་བྱུང་བར་གཞིགས་ན། ཉེ་བའི་ལོ་ཤས་རིང་དབྱར་གསེང་ནི་འགྲོ་ལམ་འགྲིམ་འགྲུལ་ལས་འཛོལ་ཚབས་ཆེན་དང་ཆེན་པོ་ཐོན་མང་བའི་དུས་ཡིན་པ་དང་2015ལོ་ནས་2017ལོའི་བར་གྱི་ཟླ་བ་བདུན་པ་ནས་བརྒྱད་པའི་བར་ལས་འཛོལ་ཚབས་ཆེན་དང་ཆེན་པོ་ཁག་9ཐོན་པ་དེས་ལས་འཛོལ་བསྡོམས་འབོར་གྱི་28%བཟུང་བ་དང་2017ལོར་ཐོན་པའི་ལས་འཛོལ་ཚབས་ཆེན་དང་ཆེན་པོ་ཁག་9ཡི་ཁྲོད་ཁག་3དབྱར་གསེང་རིང་ཐོན་ཡོད། ཞིབ་འཇུག་བརྡར་ཤ་བཅད་པར་གཞིགས་ན། འདི་ལོའི་དབྱར་གསེང་རིང་གཤམ་གསལ་གྱི་ཉེན་ཁ་ལྡན་པ་སྟེ། ཡུལ་སྐོར་བ་མང་དུ་ཕྱིན་པ་དང་་འགྲུལ་སྐྱེལ་བདེ་འཇགས་ཀྱི་ཉེན་ཁ་ཆེ་རུ་འགྲོ་བ་དང་། གནམ་གཤིས་ངན་པ་བསྟན་མང་བ་དང་བསམ་ཡུལ་ལས་འདས་པའི་ལས་འཛོལ་ཐོན་ཉེན་ཆེ་བ། དབྱར་དུས་ཀྱི་ཁྱད་ཆོས་ལྡན་པའི་ཁྲིམས་འགལ་བྱེད་སྤྱོད་མང་དུ་འགྲོ་བ་དང་ངལ་དུབ་ངང་རླངས་འཁོར་བཏང་བ་ལས་མཚན་མོའི་འགྲིམ་འགྲུལ་ཉེན་ཁ་ཆེ་རུ་འགྲོ་བ། སློབ་གྲྭ་ཁག་གུང་གསེང་བཞག་པ་དང་སློབ་མ་དང་འབྲེལ་བའི་ལས་འཛོལ་ཐོན་ཉེན་ཆེ་བ། གྲོང་གསེབ་ཀྱི་འགྲིམ་འགྲུལ་བདེ་འཇགས་ཀྱི་ཉེན་ཁ་ཆེ་བ་དང་ཆང་བཏུངས་འཁོར་གཏོང་དང་ར་བཟི་འཁོར་གཏོང་སོགས་ཁྲིམས་འགལ་གྱོད་གཞི་མང་དུ་འགྲོ་བ་བཅས་རེད།
           སྤྱི་བདེ་པུས་རྒྱ་ཆེའི་འགྲུལ་བཞུད་པ་ཚོར་དྲན་སྐུལ་བྱས་དོན། རླངས་འཁོར་བཏང་ནས་ཕྱིར་སྐྱོད་སྐབས་གནམ་གཤིས་དང་། འགྲོ་ལམ་ཆ་འཕྲིན། འགྲིམ་འགྲུལ་བདེ་འཇགས་ཀྱི་དྲན་སྐུལ་བཅས་ལ་དོ་སྣང་བྱས་ཏེ་སྔ་སྣུར་དུ་ཕྱིར་སྐྱོད་དུས་ཚོད་དང་ལམ་ཐིག་བཀོད་སྒྲིག་བྱེད་པ་དང་རླངས་འཁོར་ཞིབ་བཤེར་བྱེད་དགོས་པ་དང་། དབྱར་དུས་གནམ་གཤིས་ཚ་བ་ཆེན་པོ་ཡོད་པས་ངལ་དུབ་སེལ་བ་དང་དྲོད་ཚད་གཅོག་པའི་མཁོ་ཆས་གྲ་སྒྲིག་བྱས་ཏེ་ངལ་དུབ་ངང་རླངས་འཁོར་མི་གཏོང་བ་དང་ཆང་བཏུངས་འཁོར་གཏོང་དང་ལག་འཁྱེར་མེད་པར་རླངས་འཁོར་གཏོང་རྒྱུ་གཏན་འགོག་བྱེད་དགོས་པ། རླངས་འཁོར་གཏོང་སྐབས་དམིགས་བསལ་གྱི་འགྲོ་ལམ་དང་གནམ་གཤིས་ངན་པ་འཕྲད་སྐབས་མྱུར་ཚད་འགོར་དུ་གཏོང་བ་དང་གཟབ་ནན་ངང་རླངས་འཁོར་གཏོང་དགོས་པ། འགྲིམ་འགྲུལ་འགགས་པའི་སྐབས་འཕྲལ་སྡོམ་འཁོར་ལམ་ཐོག་གཏོང་མི་རུང་བ་དང་འཚང་ཁ་བརྒྱབ་ནས་རྡུང་ཁ་ཤོར་བའི་ལས་འཛོལ་སྔོན་འགོག་བྱེད་དགོས་པ། འགྲུལ་སྐྱེལ་རླངས་འཁོར་བསྡད་ནས་ཕྱིར་སྐྱོད་སྐབས་འགྲུལ་སྐྱེལ་རླངས་འཁོར་ས་ཚིགས་སུ་བསྐྱོད་དེ་གཉེར་སྐྱོང་ཚད་ལྡན་གྱི་འགྲུལ་སྐྱེལ་རླངས་འཁོར་སྡོད་པ་ལས་མི་སྒེར་གྱི་རླངས་འཁོར་དང་གཉེར་སྐྱོང་ཐོབ་ཐང་མེད་པའི་འགྲུལ་སྐྱེལ་རླངས་འཁོར་ནང་མི་སྡོད་པ། འགྲུལ་སྐྱེལ་རླངས་འཁོར་ནང་གཏན་འཁེལ་མི་གྲངས་ལས་བརྒལ་བ་དང་། མྱུར་ཚད་ལས་བརྒལ་བ། ངལ་དུབ་ངང་རླངས་འཁོར་གཏོང་བ་སོགས་འགྲིམ་འགྲུལ་ཁྲིམས་འགལ་བྱེད་སྤྱོད་ཡོད་པ་མཐོང་སྐབས་ཁ་པར་དང་། འཕྲིན་ཐུང་། སྐད་འཕྲིན་སོགས་ཀྱི་ཐབས་ལམ་བརྒྱུད་སྤྱི་བདེ་འགྲིམ་འགྲུལ་དོ་དམ་སྡེ་ཚན་ལ་ཐེར་འདོན་བྱེད་ཆོག་པ་བཅས་རེད།
      

    ཕྱོགས་བསྡུས་གསར་འགྱུར།