འཚོལ་བཤེར།   
藏文频道
2018ལོའི་ཟླ་7ཚེས་19ཉིན།
  • མི་དམངས་དྲ་བ།

    ༄༅།།སྤྱི་བདེ་པུའུ་དང་རྒྱལ་ཁབ་རིག་དངོས་ཅུས་ཀྱིས་རིག་དངོས་ཉེས་གསོག་ལ་རྡུང་རྡེག་གཏོང་བའི་
    ཆེད་དོན་བྱ་སྤྱོད་བཀོད་སྒྲིག་བྱས་པ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 07ཚེས་19ཉིན། 11:19】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
            མི་དམངས་དྲ་བའི་འཕྲིན། ཉེ་ཆར། སྤྱི་བདེ་པུའུ་དང་རྒྱལ་ཁབ་རིག་དངོས་ཅུས་ཀྱིས་པེ་ཅིང་དུ་བརྙན་འཕྲིན་ཁ་པར་ཚོགས་འདུ་འཚོགས་ཏེ་རྒྱལ་ཡོངས་ཀྱི་སྤྱི་བདེ་ལས་ཁུངས་དང་རིག་དངོས་སྡེ་ཚན་གྱིས་དུས་ཡུན་ཟླ་བ་དྲུག་གི་རིག་དངོས་ཉེས་གསོག་ལ་རྡུང་རྡེག་གཏོང་བའི་ཆེད་དོན་བྱ་སྤྱོད་བཀོད་སྒྲིག་བྱས་པ་རེད།
            ཚོགས་འདུའི་ཐོག་ཉེ་བའི་ལོ་ཤས་རིང་ཁྲིམས་འགལ་ཉེས་ཅན་པ་འགའ་ཞིག་གིས་ཚུལ་མིན་ཁེ་གཉེར་གྱི་འདོད་རྔམ་སྐྱེས་ནས་རང་དགར་རིག་དངོས་སྔོག་འདོན་དང་། རྐུ་བ། བར་ཚོང་། ལྐོག་ཚོང་བཅས་བྱས་ཏེ་རྒྱལ་ཁབ་ཀྱི་རིག་དངོས་བདེ་འཇགས་ལ་གྱོང་གུན་ཚབས་ཆེན་བཟོས་ཡོད། ས་གནས་ཁག་གིས་མིག་སྔའི་རིག་དངོས་བདེ་འཇགས་དུས་བབ་ཀྱི་ཛ་དྲག་རང་བཞིན་དང་རྙོག་འཛིང་རང་བཞིན་ལ་ངོས་འཛིན་གང་ལེགས་དང་དེ་བཞིན་རྒྱལ་ཁབ་ཀྱི་རིག་དངོས་བདེ་འཇགས་ལ་སྲུང་སྐྱོང་དང་རྒྱལ་ཁབ་ཀྱི་རྩ་ཆེའི་རིག་གནས་ཤུལ་བཞག་ལ་སྲུང་སྐྱོང་གི་གལ་ཆེའི་རང་བཞིན་དང་ཁ་ཚ་དགོས་གཏུགས་རང་བཞིན་ལ་ངོས་འཛིན་གང་ལེགས་ཐུབ་པར་བྱས་ཏེ། ཆེད་དོན་བྱ་སྤྱོད་ལ་དམ་འཛིན་བྱེད་པའི་བྱེད་ཐབས་ཁག་ནན་པོ་དང་། ཏན་ཏིག ཞིབ་ཚགས་བཅས་ཀྱི་སྒོ་ནས་དོན་འཁྱོལ་ཐུབ་པར་བྱས་ནས་ཉེས་ཅན་པའི་འཛེམ་བག་མེད་པའི་བྱེད་སྤྱོད་ལ་རྡུང་རྡེག་མཐའ་གཅིག་ཏུ་གཏོང་དགོས་ཞེས་བསྟན་པ་རེད།
           ཚོགས་འདུའི་ཐོག་ད་རེས་ཀྱི་ཆེད་དོན་བྱ་སྤྱོད་ནི་ཉེ་བའི་ལོ་ཤས་རིང་སྤྱི་བདེ་ལས་ཁུངས་དང་རིག་དངོས་སྡེ་ཚན་གྱིས་མཉམ་འབྲེལ་ཐོག་སྒྲིག་འཛུགས་བྱས་པའི་གཞི་ཁྱོན་ཆེ་ཤོས་ཀྱི་བྱ་སྤྱོད་ཅིག་རེད། རིམ་ཁག་སྤྱི་བདེ་ལས་ཁུངས་ཀྱིས་རྡུང་རྡེག་ཚ་ནན་དང་བྱ་ཐབས་སྣ་མང་མཉམ་སྤྱོད་ཀྱིས་གྱོད་གཞི་ཁག་གཅིག་གཅིག་སྡུད་ཐོག་རྩད་གཅོད་དང་། རིག་དངོས་ཉེས་གསོག་གི་བྲོས་བྱོལ་མི་སྣ་ཁག་གཅིག་གཅིག་སྡུད་ཐོག་འཛིན་བཟུང་། བརྐུས་པའི་རིག་དངོས་ཁག་གཅིག་གཅིག་སྡུད་ཐོག་ཁྲིམས་ལྟར་འདེད་ལེན་ཐུབ་པ་བྱེད་དགོས། ས་གནས་ཁག་གི་རིག་དངོས་སྡེ་ཚན་གྱིས་གྱོད་འབྲེལ་རིག་དངོས་ཀྱི་ཆོད་སྡོམ་དཔྱད་དཔོག་དཔུང་ཁག་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་སྟེ་གྱོད་འབྲེལ་རིག་དངོས་ཆོད་སྡོམ་དང་ཉེས་པ་བསགས་ཡུལ་གཏན་འཁེལ་ལས་དོན་འཕྲལ་མར་དང་འཕྱུགས་མེད་ངང་སྒྲུབ་དགོས། རིག་དངོས་ཚན་པའི་རང་ངོས་ཀྱི་བདེ་འཇགས་འགོག་ཟོན་ལ་ཕྱོགས་ཡོངས་ནས་ཤུགས་སྣོན་བརྒྱབ་སྟེ་བདེ་འཇགས་འགོག་སྲུང་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་དགོས། སྤྱི་བདེ་སྡེ་ཚན་དང་རིག་དངོས་སྡེ་ཚན་གྱིས་རིག་དངོས་ཉེས་གསོག་ལ་རྡུང་རྡེག་དང་འགོག་ཟོན་གྱི་ཕུགས་ཕན་ལས་ཀའི་ལམ་སྲོལ་འཛུགས་པ་དང་འཐུས་སྒོ་ཚང་དུ་བཏང་སྟེ་ཆེད་དོན་བྱ་སྤྱོད་ལ་སྐུལ་འདེད་ཏན་ཏིག་བཏང་ནས་ཕན་འབྲས་ཐོན་པའི་འགན་ལེན་བྱེད་དགོས་ཞེས་བླང་བྱ་བཏོན་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།