འཚོལ་བཤེར།   
藏文频道
2018ལོའི་ཟླ་7ཚེས་19ཉིན།
  • མི་དམངས་དྲ་བ།

    ༄༅།།སན་ཡ་ནས་ལོན་ཏོན་བར་གྱི་ཡུལ་སྐོར་གྱི་མདུན་ལམ་ཡག་པ། 

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 07ཚེས་19ཉིན། 11:08】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
           མི་དམངས་དྲ་བའི་འཕྲིན། ཉེ་ཆར“ལོན་ཏོན་ནས་སན་ཡ་བར་གྱི་ཐད་གཏོང་གནམ་གྲུའི་ཡུལ་སྐོར་ཁྱབ་གདལ་དུས་ཚིགས”ཀྱི་ལམ་འཁྲབ་བྱེད་སྒོ་ལོན་ཏོན་དུ་གཉེར་བ་དང་ས་གནས་ས་ཐོག་ཏུ་ཧའེ་ནན་གྱི་ཡུལ་ཟོག་ཞིམ་ཟས་ཀྱི་རོ་བཅུད་མྱོང་བ་དང་རྒྱལ་སྒྲོལ་ཐོངས་མཆན་མི་དགོས་པའི་ཐད་གཏོང་གནམ་གྲུའི་སྲིད་ཇུས་བཟང་པོ་ངོ་སྤྲོད་བྱེད་པ་སོགས་རྣམ་པ་སྣ་ཚོགས་བརྒྱུད་ལོན་ཏོན་གྲོང་མིར་སན་ཡ་ཡི་ཚ་ཁུལ་མཚོ་འགྲམ་གྱི་ལྟ་ན་སྡུག་པའི་ཡུལ་སྲོལ་གོམས་འདྲིས་ངོ་སྤྲོད་བྱས་པ་རེད།
            བྱེད་སྒོ་དེ་སན་ཡ་གྲོང་ཁྱེར་མི་དམངས་སྲིད་གཞུང་གིས་གཙོ་གཉེར་བྱས་པ་དང་ལོན་ཏོན་གྱི་མི་ཚོགས་སྟུག་ཤོས་ཡིན་པའི་ཤིས་ཐན་ཟོག་ཉོ་ལྟེ་གནས་བྱེད་སྒོ་གཉེར་ཡུལ་དུ་བདམས་པ་རེད། ཧའེ་ནན་ཞིང་ཆེན་གྱི་ཧྲེང་ཀྲང་གཞོན་པ་མའོ་ཁྲའོ་ཕུང་གིས་སྣེ་ཁྲིད་པའི་འཐུས་མི་ཚོགས་པས་སྐུ་མགྲོན་དང་ས་གནས་ས་ཐོག་གི་དམངས་ཚོགས་དང་སྤེལ་རེས་བྱས་ཏེ་མཁའ་ལམ་ཤར་གཏོང་གི་མཚོན་བྱེད་ཡིན་པའི་ཤོག་བུའི་གནམ་གྲུ་མཉམ་དུ་གློད་དེ་ལོན་ཏོན་ནས་སན་ཡ་བར་གྱི་ཐད་གཏོང་གནམ་གྲུས་ས་གནས་གཉིས་པོའི་ཡུལ་སྐོར་དང་རིག་གནས་སྤེལ་རེས་འབྲེལ་ཟམ་འཛུགས་རྒྱུར་རེ་སྒུག་ཟབ་མོ་བྱེད་པ་མཚོན་པ་རེད།
           སན་ཡ་གྲོང་ཁྱེར་གྱི་ཧྲི་ཀྲང་ཨ་ཏུང་གིས་ས་གནས་ས་ཐོག་ཏུ་དབྱིན་ཇིའི་གྲོང་མིར“མཛེས་སྡུག་ལྡན་པའི་སན་ཡ་རུ་ཡུལ་སྐོར་ལ་ཡོང་རྒྱུར”སྤྲོ་སེམས་འཁོལ་བའི་གདན་ཞུ་བྱེད་པ་དང་ཁོང་གིས“ལོན་ཏོན་ནས་སན་ཡ་བར་གྱི་མཁའ་ལམ”དེ་ནི་ཧའེ་ནན་ཞིང་ཆེན་གྱིས་རྒྱལ་ཁབ་59ལ་རྒྱལ་སྒྲོལ་ཐོངས་མཆན་མི་དགོས་པར་ས་མཚམས་ནང་དུ་ཡོང་ནས་ཡུལ་སྐོར་བྱེད་པའི་སྲིད་ཇུས་ལག་བསྟར་བྱས་རྗེས་ཤར་གཏོང་བྱས་པའི་གླིང་ཆེན་བར་གྱི་ཐད་གཏོང་མཁའ་ལམ་ཐོག་མ་དེ་རེད། སན་ཡ་ཡིས་གོ་སྐབས་དེ་དང་བསྟུན་ནས་རྒྱལ་སྤྱིའི་ཡུལ་སྐོར་ཞབས་ཞུའི་མཉེན་ཆས་དང་མཁྲེགས་ཆས་ཕྱོགས་ཡོངས་ནས་རིམ་པ་སྤར་ཏེ་དབྱིན་ཇི་དང་ཐ་ན་ཡོ་རོབ་ནུབ་མའི་ཡུལ་སྐོར་བས་དགའ་པོ་བྱེད་པའི་རྒྱལ་སྤྱིའི་ཡུལ་སྐོར་བྱ་ཡུལ་ཞིག་ཏུ་གྱུར་ཐབས་ཧུར་ཐག་བྱ་རྒྱུ་ཡིན་ཞེས་བརྗོད།
           དབྱིན་ཇིའི་ལོན་ཏོན་འཕེལ་རྒྱས་ཧྲུའུ་ཡི་ཚོགས་འགྲེམས་ཅུས་ཀྱི་ཅུས་ཀྲང་ཧྥེ་ཨོ་ན་ཕུ་ལུན་ཕུ་ཏུན་གྱིས་ལམ་འཁྲབ་བྱེད་སྒོ་སྤེལ་བ་ལས་ཁོང་ལ་ཀྲུང་གོར་ངོས་འཛིན་གསར་པ་ཞིག་བྱུང་། ལོན་ཏོན་ནས་སན་ཡ་བར་གྱི་མཁའ་ལམ་ཤར་གཏོང་ཐུབ་རྗེས་ས་གནས་གཉིས་པོའི་ཡུལ་སྐོར་སྤེལ་རེས་ལ་སྐུལ་མ་ཐེབས་རྒྱུ་མ་ཟད། ད་དུང་ཕྱོགས་གཉིས་པོའི་དཔལ་འབྱོར་ཚོང་དོན་གྱི་མཉམ་ལས་དེ་བས་མང་བར་སྐུལ་ཁྲིད་ཐུབ་རྒྱུ་ཡིན་པའི་ཡིད་ཆེས་ཡོད་ཅེས་བརྗོད།
      

    ཕྱོགས་བསྡུས་གསར་འགྱུར།