འཚོལ་བཤེར།   
藏文频道
2018ལོའི་ཟླ་7ཚེས་16ཉིན།
  • མི་དམངས་དྲ་བ།

    ༄༅།།《གྲོང་ཁྱེར་གྱི་ལྕགས་ལམ་འགྲིམ་འགྲུལ་གྱི་འཆར་འགོད་འཛུཌ་སྐྲུན་དོ་དམ་ལ་ཤུགས་
    སྣོན་རྒྱག་རྒྱུའི་སྐོར་གྱི་བསམ་འཆར་》བཀྲམ་པ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 07ཚེས་16ཉིན། 10:17】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཉེ་ཆར། རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས་《གྲོང་ཁྱེར་གྱི་ལྕགས་ལམ་འགྲིམ་འགྲུལ་གྱི་འཆར་འགོད་འཛུགས་སྐྲུན་དོ་དམ་ལ་ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི་བསམ་འཆར་》(གཤམ་དུ་《བསམ་འཆར་》ཞེས་བསྡུ་རྒྱུ)བཀྲམ་ནས་དུས་བབ་གསར་པའི་འོག་རང་རྒྱལ་གྱི་གྲོང་ཁྱེར་གྱི་ལྕགས་ལམ་འགྲིམ་འགྲུལ་གྱི་འཆར་འགོད་འཛུགས་སྐྲུན་ལས་དོན་བཀོད་སྒྲིག་བྱས་ཡོད་པ་རེད།
         《བསམ་འཆར་》ནང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱེད་པ་དང་། ཏང་གི་ཚོགས་ཆེན་བཅུ་དགུ་པ་དང་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་དང་གསུམ་པའི་དགོངས་དོན་ཕྱོགས་ཡོངས་ནས་ལག་ལེན་བསྟར་བ། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ཟབ་ཏུ་གཏོང་བ་དང་ལག་བསྟར་དོན་འཁྱོལ་བྱེད་པ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་བླང་བྱར་གཞིགས་པ། མི་དམངས་མང་ཚོགས་ཕྱིར་སྐྱོད་ལ་ཞབས་འདེགས་ཞུ་རྒྱུ་རྩ་བའི་དམིགས་ཡུལ་དུ་འཛིན་པ། གྲོང་ཁྱེར་གྱི་ལྕགས་ལམ་འགྲིམ་འགྲུལ་འཆར་འགོད་ཚན་རིག་དང་མཐུན་པའི་ངང་བཟོ་བ། འཛུགས་སྐྲུན་གྱི་ཆ་རྐྱེན་དོན་འཁྱོལ་ནན་ཏན་བྱེད་པ། རྣམ་གྲངས་འཛུགས་སྐྲུན་ལ་གོ་རིམ་ལྡན་པའི་ངང་སྐུལ་འདེད་གཏོང་བ། བརྒྱུད་རིམ་ཧྲིལ་པོའི་ལྟ་སྡོམ་ལ་ནུས་ལྡན་ངང་ཤུགས་རྒྱག་པ། ས་གནས་སྲིད་གཞུང་གི་བུ་ལོན་ཉེན་ཁ་ཚོད་འཛིན་ནན་པོ་བྱེད་པ་བཅས་ཀྱི་ཐོག་ནས་གྲོང་ཁྱེར་གྱི་ལྕགས་ལམ་འགྲིམ་འགྲུལ་འཕེལ་རྒྱས་ཀྱི་གཞི་ཁྱོན་དེ་དངོས་ཡོད་དགོས་མཁོ་དང་འཚམ་པ་དང་། འཛུགས་སྐྲུན་གྱི་འཕེལ་རིམ་དང་འདེགས་སྐྱོར་གྱི་ནུས་པ་དང་འཚམ་པར་བྱེད་དགོས་ཞེས་བསྟན་ཡོད་པ་རེད།
         《བསམ་འཆར་》ནང་། གྲོང་ཁྱེར་གྱི་ལྕགས་ལམ་འགྲིམ་འགྲུལ་ནི་གྲོང་ཁྱེར་གྱི་སྤྱི་པའི་འགྲིམ་འགྲུལ་མ་ལག་གི་གཙོ་རྐང་ཞིག་ཡིན་པ་དང་། ཉེ་ལམ་ལོ་ཤས་རིང་འཕེལ་རྒྱས་སྤྱིའི་ཆ་ནས་གོ་རིམ་ལྡན་པ་ཞིག་བྱུང་མོད། འོན་ཀྱང་གྲོང་ཁྱེར་ཁག་གཅིག་ལ་འཆར་འགོད་ད་ཚད་ལས་བརྒལ་དྲགས་པ་དང་། འཛུགས་སྐྲུན་འཆར་འགོད་གཅིག་སྡུད་ཆེ་བ། མ་དངུལ་དོན་འཁྱོལ་དམིགས་སར་མི་འབྱོར་བ་སོགས་ཀྱི་གནད་དོན་གནས་ཡོད། གྲོང་ཁྱེར་གྱི་ལྕགས་ལམ་འགྲིམ་འགྲུལ་ཚད་ལྡན་དང་གོ་རིམ་ལྡན་པའི་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་ཆེད། “ནུས་པས་ལྕོགས་ཚོད་དང་། གོ་རིམ་ལྡན་པའི་སྐུལ་འདེད། ཡུལ་བབ་དང་བསྟུན་པ། འགྲོ་གྲོན་ཆུང་ཞིང་སྤྱོད་སྒོ་ཆེ་བ། སྦྲེལ་མཐུད་མཐུན་སྦྱོར། ལེགས་བསྡུས་ཕན་ཆེ། ཉེན་ཁ་ཚོད་འཛིན། རྒྱུན་མཐུད་འཕེལ་རྒྱས”བཅས་ཀྱི་རྩ་དོན་མཐའ་འཁྱོངས་བྱས་ནས་གཤམ་གསལ་ཕྱོགས་བཞིའི་ཐད་ནས་སྲིད་ཇུས་དང་བྱ་ཐབས་དོན་འཁྱོལ་ཡོང་རྒྱུར་སྐུལ་འདེད་གཏོང་དགོས་པ་སྟེ།
        གཅིག་ནས་འཆར་འགོད་དོ་དམ་གཏན་འབེབས་འཐུས་སྒོ་ཚང་དུ་གཏོང་དགོས། འཛུགས་སྐྲུན་སྙན་ཞུའི་ཆ་རྐྱེན་ནན་དུ་བཏང་ནས་ས་འོག་ལྕགས་ལམ་དང་ལྕགས་ལམ་ཆུང་རིགས་ཀྱི་འཛུགས་སྐྲུན་སྙན་ཞུ་དང་འབྲེལ་བ་ཡོད་པའི་དཔལ་འབྱོར་གྱི་དམིགས་ཚད་མཐོ་རུ་བཏང་སྟེ་ས་འོག་ལྕགས་ལམ་གྱི་འཛུགས་སྐྲུན་སྙན་ཞུ་བྱེད་མཁན་གྲོང་ཁྱེར་གྱི་སྤྱིར་བཏང་གི་སྤྱི་པའི་ནོར་སྲིད་སྔོན་རྩིས་ཡོང་འབབ་དང་ས་གནས་ཀྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་དེ་སྒོར་དུང་ཕྱུར་100དང་། སྒོར་དུང་ཕྱུར་1000ནས་སྒོར་དུང་ཕྱུར་300དང་། སྒོར་དུང་ཕྱུར་3000བར་ལེགས་སྒྲིག་བྱེད་དགོས། འཛུགས་སྐྲུན་འཆར་འགོད་ཀྱི་སྤུས་ཚད་མཐོ་རུ་གཏོང་བ་དང་། གྲོང་ཁྱེར་གྱི་ལྕགས་ལམ་འགྲིམ་འགྲུལ་དང་འགྲིམ་འགྲུལ་བྱ་ཐབས་གཞན་དག་སྦྲེལ་མཐུད་མཉམ་འདྲེས་ཐུབ་རྒྱུར་ཤུགས་སྣོན་བརྒྱབ་ནས་ས་སྟེང་དང་ས་འོག་གི་བར་མཐོངས་ཕྱོགས་བསྡུས་གསར་སྤེལ་བེད་སྤྱོད་འཚོལ་ཞིབ་བྱ་རྒྱུར་སྐུལ་ལྕག་བྱེད་དགོས་པ་དང་།
         གཉིས་ནས་རྣམ་གྲངས་ལག་ལེན་བསྟར་རྒྱུར་གོ་རིམ་ལྡན་པའི་ངང་སྐུལ་འདེད་གཏོང་དགོས། རྣམ་གྲངས་ལ་ཞིབ་མཆན་འགོད་རྒྱུ་སྔར་བས་ཚད་ལྡན་དུ་བཏང་ནས་འཛུགས་སྐྲུན་འཆར་འགོད་ནང་བཅུག་མེད་པའི་རྣམ་གྲངས་ལ་ཞིབ་མཆན་འགོད་མི་ཆོག་པ་དང་། ཞིབ་མཆན་བཀོད་པའི་རྣམ་གྲངས་ཀྱིས་འཛུགས་སྐྲུན་གྱི་འཕེལ་རིམ་ཁོང་དུ་ལུགས་མཐུན་ཆུད་པ་བྱེད་དགོས་པ།
         གསུམ་ནས་རྣམ་གྲངས་ཀྱི་ཉེན་ཁ་དོ་དམ་ཚོད་འཛིན་ལ་ཤུགས་སྣོན་རྒྱག་དགོས། ས་གནས་སྲིད་གཞུང་གི་བུ་ལོན་ཉེན་ཁ་ཚོད་འཛིན་ནན་པོ་བྱས་ནས་ནོར་སྲིད་ལ་ཚོད་འཛིན་བྱེད་ཤུགས་ཆེ་རུ་གཏོང་བ་དང་། སྒྲིག་འགལ་དང་ངོ་སྒྱུར་གྱི་བུ་ལོན་ཟུག་རྒྱུ་གཏན་འགོག་བྱས་ཏེ་ས་གནས་སྲིད་གཞུང་གི་བུ་ལོན་ཉེན་ཁའི་ཉེན་གཏོང་ཁྱབ་ཁོངས་སུ་བཅུག་པའི་གྲོང་ཁྱེར་གྱི་རྣམ་གྲངས་གསར་པར་ཞིབ་མཆན་འགོད་རྒྱུ་གནས་སྐབས་མཚམས་འཇོག་བྱེད་དགོས་པ།
        བཞི་ནས་འཆར་འགོད་དང་རྣམ་གྲངས་ལ་ལྟ་སྡོམ་བྱེད་པའི་མ་ལག་འཐུས་སྒོ་ཚང་དུ་གཏོང་དགོས། ལྟ་སྡོམ་ནུས་པ་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་ནས་སྡེ་ཚན་དབར་མཐུན་སྦྱོར་མཉམ་འགུལ་ལྟ་སྡོམ་བྱེད་པའི་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ་དང་འབྲེལ་གྲོང་ཁྱེར་གྱི་ལྕགས་ལམ་འགྲིམ་འགྲུལ་ལྟ་སྡོམ་གྲངས་གཞིའི་མཛོད་འཛུགས་དགོས་ཞེས་བཏོན་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།