འཚོལ་བཤེར།   
藏文频道
2018ལོའི་ཟླ་7ཚེས་10ཉིན།
  • མི་དམངས་དྲ་བ།

    ༄༅།།མཚོ་སྔོན་གྱི་མི་རིགས་སྒྱུ་རྩལ་གྱིས་ཕེ་རུར"ཀྲུང་གོ་ཤེས་རྟོགས"ཡོང་བ་བྱས་པ། 

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 07ཚེས་10ཉིན། 10:48】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
            མི་དམངས་དྲ་བའི་འཕྲིན། ཟླ་7ཚེས་4ཉིན“ཀྲུང་གོ་ཤེས་རྟོགས། མཛེས་པའི་མཚོ་སྔོན། ཀྲུང་གོའི་མཚོ་སྔོན་གྱི་མི་རིགས་རིག་གནས་སྒྱུ་རྩལ་གྱི་འགྲེམས་འཁྲབ”དེ་ཕེ་རུའི་རྒྱལ་ས་ལི་མར་བྱས་པས་ཕེ་རུའི་དམངས་བྱིངས་ཚོས་མཚོ་སྔོན་གྱི་རང་བྱུང་རྣམ་པ་དང་རིག་གནས་ཀྱི་ཡིད་དབང་འགུགས་ཤུགས་ཚོར་ཐུབ་པ་བྱུང་ཡོད།
            པར་རྒྱག་སྒྱུ་རྩལ་ལ་དགའ་པོ་ཡོད་མཁན་ཞིག་གིས“ཀྲུང་གོའི་མཚོ་སྔོན་གྱི་མཛེས་ལྗོངས་ཀྱིས་མི་སེམས་རབ་ཏུ་མྱོས་ནས་སྐྱེ་བོ་ཀུན་ཡིད་སྨོན་བྱ་ཡུལ་དུ་གྱུར་ཡོད”ཅེས་བསྔགས་བརྗོད་ཀྱི་མེ་ཏོག་སྟོར་ཞིང་། ཁོང་གིས་གོ་སྐབས་བྱུང་ཚེ་རང་ཉིད་ངོ་མ་མཚོ་སྔོན་དུ་ལྟ་བར་བསྐྱོད་དེ་རང་གི་པར་ཆས་ཀྱིས་ཀྲུང་གོའི་མཛེས་ལྗོངས་པར་ལེན་བྱ་རྒྱུ་ཡིན་ཞེས་བཤད། རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་རེབ་གོང་སྒྱུ་རྩལ་གྱི་མཚོན་བྱེད་རང་བཞིན་གྱི་རྒྱུན་འཛིན་པ་ཤ་བོ་སྐྱབས་ཀྱིས་ད་ཐེངས་མཚོ་སྔོན་རེབ་གོང་གི་ཐང་ག་20འགྲེམས་སྟོན་བྱས་ཤིང་། དེ་ནི་ཀྲུང་གོའི་བོད་ཀྱི་ཐང་ག་ཕེ་རུར་འདོན་ཐེངས་དང་པོ་རེད།
           ལྟ་སྐོར་དུ་ཡོང་བའི་ཁྲིམས་རྩོད་པ་པེ་ཉི་ཐོའུ·པི་ལི་ཡ་ནུའུ་ཨེ་ཝ་ཡིས་ཐང་ག་ཚང་མ་གསེར་དང་། དངུལ། མུ་ཏིག གཟི་སོགས་རིན་ཆེན་དང་། ཁ་ཆེ་ཤ་སྐམ། ལྕུམ་སོགས་རྩི་ཤིང་གི་རང་བྱུང་རྒྱུ་ཆའི་ཚོན་གྱིས་བཞེངས་པས་ལོ་བརྒྱ་ཕྲག་སོང་ཡང་ཚོན་མདངས་མི་ཉམས་པར་གནས་པ་ཤེས། ཁོང་གིས་ཐང་གར་ཞིབ་པར་བལྟས་རྗེས“སྔོན་ཆད་ཀྲུང་གོའི་བོད་ཀྱི་ཐང་གའི་སྐོར་གོ་ཐོས་བྱུང་ཡང་མཐོང་མྱོང་མེད། དེ་རིང་འགྲེམས་སྟོན་ཐོག་ཐང་ག་སྤུས་རྟགས་མཐོང་བ་བརྒྱུད་དེ་དག་ལ་ཐུན་མོང་མ་ཡིན་པའི་སྒྱུ་རྩལ་གྱི་རང་བཞིན་ཆེན་པོ་ལྡན་པས་ངའི་མཐོང་རྒྱ་ཆེ་རུ་ཕྱིན་སོང”ཞེས་བསྔགས་བརྗོད་བྱེད་བཞིན་དུ་བཤད།
          སྒྱུ་རྩལ་འགྲེམས་སྟོན་ཐོག་མཚོ་སྔོན་གྱི་གོར་མོ་ནས་ཡོང་བའི་སྒྱུ་རྩལ་པས་ཕེ་རུའི་དམངས་ཚོགས་ལ་མཚོ་སྔོན་གྱི་མི་རིགས་ཞབས་བྲོ་འཁྲབ་སྟོན་བྱས་པར་ལྟད་མོ་བའི་དགའ་བསུ་ཆེན་པོ་ཐོབ་ཡོད།
           འཁྲབ་སྟོན་མཇུག་འགྲིལ་རྗེས་ཁ་བཏགས་སེར་པོ་གཡོགས་པའི་ལི་མ་གྲོང་ཁྱེར་གྱི་ཧྲི་ཀྲང་གཞོན་པ་ཕ་ཐེ་ལི་ཤ་·ཧྭ་ལུའེ་སི་གར་སྟེགས་ཐོག་ཡོང་ནས་ཁོང་གིས་གྲོང་ཁྱེར་སྲིད་གཞུང་གི་གསེར་མདོག་ཚོམས་ཆེན་འདི་ནི་འཛམ་གླིང་རྒྱལ་ཁབ་ཁག་གི་རིག་གནས་སྤེལ་རེས་ཀྱི་སྟེགས་བུ་ཞིག་ཡིན་པས་ཕེ་རུ་དང་ཀྲུང་གོ་རྒྱལ་ཁབ་གཉིས་པོའི་འབྲེལ་བ་ཟམ་མི་ཆད་པར་ལེགས་སུ་སོང་བ་དང་བསྟུན་ནས་ཀྲུང་གོའི་སྒྱུ་རྩལ་མཁས་ཅན་དེ་བས་མང་བ་དེ་གར་ཡོང་རྒྱུའི་རེ་བ་ཡོད་ཅེས་བརྗོད་པ་རེད། 
      

    ཕྱོགས་བསྡུས་གསར་འགྱུར།