འཚོལ་བཤེར།   
藏文频道
2018ལོའི་ཟླ་7ཚེས་10ཉིན།
  • མི་དམངས་དྲ་བ།

    ༄༅།།དྲག་ཆར་བསྟུད་མར་བབས་པས་མཚོ་སྔོན་པོ་རྒྱས་ནས་རྒྱ་ཁྱོན་ལོ་18རིང་གི་ཆེ་ཤོས་ཟིན་པ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 07ཚེས་10ཉིན། 10:15】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། གསར་འགོད་པར་མཚོ་སྔོན་ཞིང་ཆེན་གནམ་གཤིས་ཚན་རིག་ཞིབ་འཇུག་སུའོ་ནས་ཤེས་རྟོགས་བྱུང་བར། རྒྱང་ཚོར་ལྟ་ཞིབ་ཚད་ལེན་གྱི་གྲངས་གཞི་གསར་ཤོས་ལས་མངོན་པར། ཉེ་དུས་དྲག་ཆར་བསྟུད་མར་བབས་པའི་རྐྱེན་གྱིས་རང་རྒྱལ་གྱི་སྐམ་སའི་དབུས་ཁུལ་གྱི་ཚྭ་མཚེའུ་ཆེ་ཤོས་ཏེ་མཚོ་སྔོན་པོ་རྒྱས་ནས་ལོ་18རིང་གི་རྒྱ་ཁྱོན་ཆེ་ཤོས་སུ་སླེབས་པ་རེད།
         མཚོ་སྔོན་པོ་ནི་མཚོ་བོད་ས་མཐོའི་བྱང་ཤར་རྒྱུད་ཀྱི་སྣོད་བཅུད་བདེ་འཇགས་དང་འབྲེལ་བ་ཡོད་པ་དང་ནུབ་རྒྱུད་ཀྱི་བྱེ་འགྱུར་ཅན་ཤར་རྒྱུད་དུ་སྣུར་སྲིང་མ་བྱུང་སྔོན་འགོག་གི་ཆུ་རྒྱུད་གལ་ཆེན་ཞིག་རེད་ལ་ཁྱབ་ཁོངས་ནང་ཁུལ་གྱི་གལ་འགངས་ཤིན་ཏུ་ཆེ་བའི་གནམ་གཤིས་སྙོམས་སྒྲིག་འཕྲུལ་ཆས་ལྟ་བུ་ཞིག་ཀྱང་རེད།
         མཚོ་སྔོན་ཞིང་ཆེན་གནམ་གཤིས་ཚན་རིག་ཞིབ་འཇུག་སུའོ་ཡི་མཐོ་རིམ་ལག་རྩལ་ཆེ་མོ་བ་ལིའུ་པའོ་ཁང་གིས་རྒྱང་ཚོར་ལྟ་ཞིབ་ཚད་ལེན་ལས་མངོན་པར། ཟླ་7ཚེས་4ཉིན་མཚོ་སྔོན་པོའི་རྒྱ་ཁྱོན་སྤྱི་ལེ་ངོས་གྲུ་4548.56ཟིན་པ་དེ་འདི་ལོའི་ཟླ་བཞི་པའི་ཟླ་སྨད་དང་བསྡུར་ན་སྤྱི་ལེ་ངོས་གྲུ་115.87ཆེ་རུ་ཕྱིན་པ་དང་2017ལོའི་རྒྱ་ཁྱོན་ཆེ་ཤོས་ལས་སྤྱི་ལེ་ངོས་གྲུ་51.55ཆེ་རུ་ཕྱིན་པ་དེ་2001ལོ་ནས་རྒྱང་ཚོར་ལྟ་ཞིབ་ཚད་ལེན་བྱས་ཚུན་གྱི་ཆུ་ཁ་མཐོ་ཤོས་ཤིག་ཡིན་ཞེས་ངོ་སྤྲོད་བྱས་པ་རེད།
         གནམ་གཤིས་རིགས་གཅིག་མཁས་ཅན་གྱིས་དབྱེ་ཞིབ་བྱས་པར། ཟླ་6ཚེས་30ཉིན་ནས་བཟུང་མཚོ་སྔོན་ཞིང་ཆེན་དུ་ནུབ་ནས་ཤར་ཕྱོགས་སུ་ཆུ་རྒྱས་ཚུན་གྱི་ཆར་ཆུ་འབབ་ཆེ་ཤོས་ཀྱི་གནམ་གཤིས་བསྟན་ཞིང་། ཆར་ཆུ་འབབ་ཆེ་བའི་གནམ་གཤིས་རྒྱུན་མི་ཆད་པར་བསྟན་པ་ནི་མཚོ་སྔོན་པོའི་རྒྱ་ཁྱོན་ཆེ་རུ་སོང་བའི་རྒྱུ་རྐྱེན་གཙོ་བོ་ཞིག་ཡིན་པ་རེད།
         ལྟ་ཞིབ་ཚད་ལེན་གྱི་གྲངས་གཞི་ལས་མངོན་པར། ཟླ་6ཚེས་30ཉིན་ནས་ཟླ་7ཚེས་3ཉིན་བར་མཚོ་སྔོན་པོ་རྒྱུག་ཁུལ་དུ་ཆར་ཆུ་བབ་ཚད་ཧའོ་སྨི་42.8ཟིན་པ་དེ་ཉེ་བའི་ལོ་10ཡི་དུས་མཚུངས་དང་བསྡུར་ན་ལྡབ་གཉིས་ཡིན་པ་རེད། ཟླ་བདུན་པའི་ཟླ་མཇུག་ཏུ་རྒྱུག་ཁུལ་དེར་ཆར་ཆུ་བབ་ཚད་སྔར་བཞིན་མཐོ་བ་དང་སྔོན་རྩིས་ལྟར་ན་མཚོ་སྔོན་པོའི་རྒྱ་ཁྱོན་མུ་མཐུད་ཆེ་རུ་འགྲོ་རྒྱུ་ཡིན་པ་རེད།
         “མཚོ་སྔོན་པོའི་རྒྱ་ཁྱོན་ཆེ་རུ་ཕྱིན་པ་དེ་མཐའ་འཁོར་གྱི་གནམ་གཤིས་བརླན་གཤེར་ཆེ་རུ་འགྲོ་རྒྱུ་དང་བདག་ཏུ་མ་བཟུང་བའི་སྲོག་ཆགས་འཚོ་གནས་དང་རྩྭ་རྩི་ཤིང་སྐྱེ་འཚར་བཅས་ལ་ཕན་པ་ཡོད། དེས་མཚོ་སྔོན་པོའི་ཤར་ནུབ་ངོགས་གཉིས་ཀྱི་རྩྭ་ས་བྱེ་འགྱུར་དུ་མ་འགྲོ་སྔོན་འགོག་ཐུབ་རྒྱུ་རེད” འོན་ཀྱང་མཚོ་སྔོན་པོ་རྒྱས་པས་མཐའ་འཁོར་གྱི་ཡུལ་སྐོར་སྒྲིག་ཆས་ལའང་ཤུགས་རྐྱེན་ངེས་ཅན་ཞིག་ཐེབས་ཡོད་ཅེས་ལིའུ་པའོ་ཁང་གིས་བཤད།
      

    ཕྱོགས་བསྡུས་གསར་འགྱུར།