འཚོལ་བཤེར།   
藏文频道
2018ལོའི་ཟླ་6ཚེས་21ཉིན།
  • མི་དམངས་དྲ་བ།

    ༄༅།།ཨ་རིས་ཚོང་དོན་རྩོད་གཞི་བསླངས་ནས་འཛམ་གླིང་གི་ཚོང་དོན་སྒྲིག་ལམ་ལ་གཏོར་བཤིག་
    བཏང་བར་རྒྱལ་སྤྱིའི་གླེང་ཕྱོགས་ཀྱིས་སྐྱོན་བརྗོད་བྱས་པ། 

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 06ཚེས་21ཉིན། 10:49】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
           མི་དམངས་དྲ་བའི་འཕྲིན། ཕྱི་རྒྱལ་དུ་བཅའ་སྡོད་ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པས་ཕྱོགས་བསྡུས་གནས་ཚུལ་སྤེལ་གསལ། ཉེ་ཆར་ཀྲུང་གོའི་ཚོང་ཟོག་ལ་དམིགས་པའི་ཨ་སྒོར་དུང་ཕྱུར་500ཟིན་པའི་ཁྲལ་བསྡུའི་གསལ་ཐོ་བཏོན་རྗེས། ཨ་རི་སྲིད་གཞུང་གིས་སླར་ཡང་ཇེ་ངན་ཇེ་སྡུག་གི་སྒོ་ནས་ཨ་སྒོར་དུང་ཕྱུར་2000ཟིན་པའི་ཁྲལ་བསྡུའི་གསལ་ཐོ་བཟོ་རྒྱུའི་འཇིགས་སྣང་བསྐུལ་ཡོད། ཨ་རིའི་ཕྱོགས་རྐྱང་པའི་རིང་ལུགས་ཀྱི་བྱེད་སྤྱོད་ལ་རྒྱལ་སྤྱིའི་གླེང་ཕྱོགས་ཀྱིས་གཅིག་མཇུག་གཉིས་མཐུད་ངང་སྐྱོན་བརྗོད་བྱས་ནས་ཨ་རིས་ཚོང་དོན་རྩོད་གཞི་བསླངས་པ་ནི་ཁྲོམ་རའི་ཆོས་ཉིད་ལས་རྒྱབ་འགལ་དང་འཛམ་གླིང་གི་ཉོ་ཚོང་སྒྲིག་ལམ་ལ་གཏོར་བཤིག་བཏང་བ་ཞིག་རེད་ཅེས་སྐྱོན་འཛུགས་བྱས་ཡོད།
          ཨ་རིའི་སྒྲིག་ཆས་བཟོ་སྐྲུན་མཐུན་ཚོགས་ཀྱི་ཀྲུའུ་ཞི་ཏན་ཉི་སི་·སི་ལའེ་ཐེས“ངས་སྒྲིག་ཆས་བཟོ་སྐྲུན་ལས་རིགས་ཀྱི་བཟོ་པ་ཁྲི་130ཡི་ཚབ་ཞུས་ནས་ཨ་རི་སྲིད་གཞུང་གིས་དཔལ་འབྱོར་ལ་གཏོར་བཤིག་གཏོང་བའི་སྒོ་ཁྲལ་སྲིད་ཇུས་ལག་བསྟར་མི་བྱེད་རྒྱུའི་སྐུལ་འདེད་གཏོང་རྒྱུ་ཡིན”ཞེས་བརྗོད་པ་དང་། ཁོང་གིས་སྒོ་ཁྲལ་བསྡུ་བ་ནི་ཨ་རིའི་འཛད་སྤྱོད་པར་ཁྲལ་བསྡུ་བ་ཞིག་ཡིན་པས་དེས་ཨ་རིའི་བཟོ་སྐྲུན་ལས་རིགས་ཀྱི་ལས་ཀའི་ལས་གནས་ལ་ཉེན་ཁ་འཕྲད་སྲིད་ཅེས་བརྗོད།
          ཨ་རིའི་སྲན་ཆེན་མཐུན་ཚོགས་ཀྱི་གྲངས་གཞི་ལས་མངོན་གསལ། ཨ་རིའི་ལོ་རེའི་སྲན་ཆེན་ཐོན་ཚད་བསྡོམས་འབོར་གྱི་གསུམ་ཆ་གཅིག་ཀྲུང་གོར་ཕྱིར་གཏོང་བྱེད་པ་དང་། དེའི་རིན་ཐང་ཨ་སྒོར་དུང་ཕྱུར་140ཟིན་གྱི་ཡོད། ཨ་རིའི་ཞིང་ལས་མཐུན་ཚོགས་ཀྱིས་སྤྱི་ཚོགས་འབྲེལ་བའི་སྨྱན་སྦྱོར་ཐོག་རྩོམ་ཡིག་བསྟུད་མར་སྤེལ་ནས་ཐེ་རེན་ཕུའི་སྲིད་གཞུང་གི་གཏན་འབེབས་ལ་ངོ་རྒོལ་བྱས་ཡོད་པ་སྟེ“ད་ལྟ་ཉོ་ཚོང་བྱེད་པའི་དུས་ཡིན་པ་ལས་སྒོ་ཁྲལ་བསྡུ་བའི་དུས་མ་རེད”དང“ཀྲུང་གོ་ནི་རིན་ཐང་ལྡན་པའི་ཚོང་དོན་རོགས་ཟླ་དང་། (ཨ་རིའི)སྲན་ཆེན་འདེབས་མཁན་གྱི་རྟེན་ས་ཡིན”ཞེས་བརྗོད་ཡོད།
          ཨ་རིས་ཚོང་དོན་རྩོད་གཞི་བསླངས་པའི་བྱེད་སྟངས་དེས་ཀྱང་འཛམ་གླིང་གི་དཔལ་འབྱོར་སྒྲིག་གཞི་གཞན་དག་ལའང་ཉེན་ཁ་བཟོས་ཡོད་ཅིང་། དབྱིན་ཇིའི་མཁའ་དབྱིངས་གསར་འགྱུར་དྲ་ཚུགས་ཀྱིས་གནས་ཚུལ་སྤེལ་ཏེ་ཨ་རི་སྲིད་གཞུང་གི་གཏན་འབེབས་དེས་དུས་གཅིག་ཏུ་ཨ་རི་དང་ཡོ་རོབ་ཚུད་པའི་དཔལ་འབྱོར་སྒྲིག་གཞི་གཞན་དག་དབར་གྱི་ཚོང་དོན་འགལ་ཟླ་ཆེ་རུ་འགྲོ་རྒྱུ་རེད་ཅེས་བརྗོད་ཡོད།
           དབྱིན་ཇིའི་《སྲུང་སྐར་ཚགས་པར་》གྱིས་ཉིའུ་ཅིན་དཔལ་འབྱོར་ཞིབ་འཇུག་ཁང་གི་ཞིབ་འཇུག་བྱས་འབྲས་དྲངས་ནས་ཨ་རིས་སྒོ་ཁྲལ་བསྡུས་པ་ལས་བྱུང་བའི་གཏན་འཁེལ་རང་བཞིན་མེད་པ་དང་ཉེན་ཁ་ཆེ་རུ་ཕྱིན་པ་དེས་ཚོང་ལས་ཀྱི་གདེང་ཚོད་དང་མ་འཇོག་དང་ལྷག་དོན་དུ་ས་ཁོངས་སྒྲོལ་བའི་མ་འཇོག་ལ་ཤུགས་རྐྱེན་ཐེབས་རྒྱུ་རེད། ཨ་རི་ཕྱོགས་ཀྱི་བྱེད་སྟངས་དེས་ཀྲུང་ཨ་རྒྱལ་ཁབ་གཉིས་དང་ས་ཁུལ་གཞན་དག་གི་དཔལ་འབྱོར་འཕར་བར་ཤུགས་རྐྱེན་ཐེབས་རྒྱུ་རེད་ཅེས་གནས་ཚུལ་སྤེལ་ཡོད།
           འཇར་པན་གྱི་《ཉིན་རེའི་གསར་འགྱུར་》ཐོག་གནས་ཚུལ་སྤེལ་ནས་སྒོ་ཁྲལ་བསྡུ་བའི་ཨ་རིའི་བྱེད་སྟངས་དེས་འཛམ་གླིང་གི་དཔལ་འབྱོར་ལ་བདེ་འཇགས་མེད་པའི་གཞི་རྒྱུ་ཧ་ཅང་ཆེན་པོ་ཡོང་རྒྱུ་རེད་ཅེས་བརྗོད་ཡོད། འཇར་པན་གྱི་《ཐོན་ལས་དཔལ་འབྱོར་གསར་འགྱུར་》གྱིས་ཨ་རི་སྲིད་གཞུང་གི་ཉོ་ཚོང་སྲུང་སྐྱོང་བྱ་ཐབས་རབ་དང་རིམ་པར་མནའ་མཐུན་གྱི་ངོ་རྒོལ་ཤུགས་ཆེན་ཕོག་ཡོད། ཨ་རིའི་བཙན་ཐབས་ཀྱི་སྲུང་སྐྱོང་རིང་ལུགས་ཀྱི་ཉོ་ཚོང་སྲིད་ཇུས་ནི་འཛམ་གླིང་གི་ཉོ་ཚོང་སྒྲིག་ལམ་ལ་གཏོར་བཤིག་གཏོང་བའི་རྒྱུ་རྐྱེན་གལ་ཆེན་དེ་རེད་ཅེས་བརྗོད་ཡོད།
           ཨུ་རུ་སུའི་《ཚོང་པའི་ཚགས་པར་》ཐོག་དཔྱད་གཏམ་སྤེལ་ནས་ཐེ་རོན་ཕུ་སྲིད་གཞུང་གིས་ཀྲུང་གོའི་ཚོང་ཟོག་ལ་སྒོ་ཁྲལ་འཕར་མ་བསྡུ་རྒྱུའི་ཁྱབ་བསྒྲགས་བྱས་པ་ནི་སྔ་ཚིག་ཕྱི་འགལ་དང་འགན་མི་འཁུར་བའི་མཚོན་ཚུལ་ཞིག་རེད། ཨ་རིའི་བྱེད་སྟངས་དེས་ཉོ་ཚོང་སྲུང་སྐྱོང་རིང་ལུགས་ཀྱི་སྟེམ་སྒོ་འབྱེད་འགོ་ཚུགས་པ་དང་དེ་གོ་ལ་ཧྲིལ་པོའི་ཉོ་ཚོང་རང་མོས་ཅན་གྱི་འཕེལ་རྒྱས་ལ་ཕན་པ་མེད་ཅེས་བརྗོད་ཡོད།
           ཨ་རིས་སྲུང་སྐྱོང་རིང་ལུགས་ཀྱི་སྲིད་ཇུས་བཙན་ཐབས་ངང་བཏོན་པ་དེས་རྒྱལ་ཁབ་གཞན་དག་ལ་ཐོན་པའི་ཉེན་ཁའི་ཐད། རྒྱ་གར་རང་བྱུང་གསོ་སྐྲུན་སློབ་གླིང་དཔལ་འབྱོར་རིག་པའི་དགེ་རྒན་ཆེ་མོ་བ་ཝུའུ་ཧྥ་ཐེ་ཡ་དབྱིས་ཤུགས་རྐྱེན་ཐེབས་པའི་རྒྱལ་ཁབ་ཀྱིས་ཁ་ཡ་མ་བྱས་པར་མི་སྡོད་པར་ལངས་ཕྱོགས་བརྟན་པོའི་སྒོ་ནས་ཁ་གཏད་གཅོག་དགོས་པ་དང་འབྲེལ་དེ་མཚུངས་ཀྱི་བྱ་ཐབས་སྤྱོད་དགོས་ཞེས་བརྗོད་ཡོད།
      

    ཕྱོགས་བསྡུས་གསར་འགྱུར།